རླབས་ཀྱི་འབོལ་རྩོམ་ཕྱོགས་བསྒྲིགས་དེབ་པར་སྐྲུན་འགྲེམས་སྤེལ་བྱས་པ།

[ཟླ་ཚེས། 2020-03-22 11:25:42][རྩོམ་པ་པོ། ཁྱུང་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལང་ཚོའི་ང་རོ།

  སྔོན་གྱི་དུས་སུ་ཡོ་རོབ་ནས་དཀོན་མཆོག་གིས་འཇིག་རྟེན་གསར་དུ་བསྐྲུན་པ་དང་། དཀོན་མཆོག་ནི་ཀུན་ནུས་ཀུན་ཐུབ་ཀྱི་སྐྱབས་མགོན་ཉིད་དུ་སྨྲ་བའི་ཚེ་ན། གཞན་རྣམས་ཀྱིས་དྲི་བ་འདི་འདྲ་ཞིག་བཏོན་མྱོང་བར་བཤད།

  དཀོན་མཆོག་གིས་རང་གིས་མི་ཐེག་པའི་ཕ་བོང་ཆེན་པོ་ཞིག་སྤྲུལ་ཐུབ་བམ།

  དེ་ལྟར་ན། ནམ་ཞིག་གཞན་དག་གིས་ཁྱེད་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་ན། ཁོང་གིས་རང་ཉིད་ཀྱིས་མི་མཁྱེན་པའི་གཞུང་ཆེན་པོ་ཞིག་རྩོམ་ཤེས་སམ་ཞེས་ཀྱང་འདྲི་སྲིད་དེ། མིའི་རྣམ་རྟོག་ལ་མཐའ་མེད་པས་སོ།།

  སྤྱིར་ན་དོགས་སློང་ནི་བསམ་གཞིག་གི་ཐོག་མ་དང་ཞིབ་འཇུག་གི་ཀུན་སློང་ཡིན་ཞེས་པ་ནང་བཞིན། དོགས་སློང་འདི་མིའི་རིག་པ་གོང་དུ་འཕེལ་བའི་ཉེར་རྒྱུ་དང་། གསར་གཏོད་ཀྱི་ལམ་བུ་སྙེག་པའི་རྡོག་པ། སྒེར་ཚུགས་ཀྱི་བསམ་བློ་ཆགས་པའི་རྟེན་ཕུར་ལྟ་བུ་ཡིན་ནའང་། ལྟ་བ་གཅིག་གམ་ལམ་ལུགས་གཅིག་གིས་ཡུན་རིང་དུ་དབང་སྒྱུར་བའི་ཡུལ་ལུང་དག་ལ་མཚོན་ན། དོགས་པ་དང་དོགས་པ་སློང་བའི་ལས་རྣམས་ནི་ཐན་ལྟས་དང་ལྟ་བ་ལོག་པར་མི་བརྩི་བའི་ངེས་པ་ཁྱོན་ནས་མེད་དེ། ཁོང་རྣམ་པའི་སེམས་ནང་ན་རང་གི་འདི་བདེན་གྱི་གཞན་རྣམས་ནི་གཏི་མུག་གོ་སྙམ་པའམ། ཡང་ན་དཀར་པོ་མིན་ན་ངེས་པར་ནག་པོ་ཡིན་དགོས་སྙམ་པའི་རང་ལྟ་མཆོག་འཛིན་གྱི་རྫོང་གོག་ཅིག་སྔར་ནས་གྲུབ་ཟིན་པས་སོ།།

  དེ་བཞིན་ང་ཚོ་བོད་ལ་མཚོན་ནའང་ཁ་ཐོར་ཡང་ཐོར་དུ་གནས་པའི་གདོད་མའི་དུས་རབས་ནས་ཚོ་ཁག་ཆེ་ཆུང་དུ་བསྡུས་པའི་རྒྱལ་ཕྲན་སིལ་མ། སྲིད་ཆོས་ཟུང་དུ་སྦྲེལ་བའི་བཙན་པོ་རྒྱལ་རབས། སྲིད་ཉམས་ཆོས་དར་གྱི་སིལ་བུའི་དུས་སྐབས། ཆོས་སྲིད་ཟུང་འབྲེལ་གྱི་བླ་མའི་རྒྱལ་རབས་སོགས་ཚུགས་ཏེ། ཆོས་སྲིད་ཁ་ཁར་སྤྱོད་པའི་དེང་གི་སྤྱི་ཚོགས་སུ་བར་བརྒལ་བྱས་ཡོད་ལ། འདི་ལྟ་བུའི་དུས་ཀྱི་བསྐལ་བ་རིང་མོ་ཞིག་བརྒྱུད་པའི་གོ་རིམ་ནང་། བན་བོན་གྱི་གྲུབ་མཐའ་གཉིས་པོ་སྔ་ཕྱིར་རྒྱལ་ཆོས་བྱས་ནས་འོངས་ཤིང་། མཐའ་མར་འགལ་བ་དང་རྩོད་པའི་ལོ་ཟླ་རིང་མོ་ཞིག་བརྒྱུད་རྗེས་རིམ་པར་རྒྱལ་རབས་ཀྱི་ཆག་སྒོར་གྱུར་ལ། དེ་ནས་ཀྱང་རང་རང་གི་རྐང་བ་བརྟན་པོ་འོང་ཕྱིར་ཕན་ཚུན་སྲ་བསྲེས་འདྲ་འདྲེས་མང་དུ་བྱས་ཏེ་ད་ལ་ཐུག་གི་བར་དུ་ཡོང་བ་རེད།

  དེ་ན་ང་ཚོའི་མི་རིགས་འདིར་གཞན་དང་མི་འདྲ་བའི་ལོ་རྒྱུས་ཀྱི་གནས་ཚུལ་ཁྱད་པར་ཅན་ཞིག་བྱུང་ཡོད་པ་ནི་ཆོས་ལུགས་ཆབ་སྲིད་ལས་རྣམ་པར་རྒྱལ་ཅིང་ཆབ་སྲིད་ཀྱིས་རྣམ་པ་ཐམས་ཅད་དུ་ཆོས་ལུགས་ལ་ཞབས་འདེགས་ཞུ་དགོས་བྱུང་བ་དེ་རེད། གནས་ཚུལ་དེའི་དབང་གིས་བོད་ན་ཆོས་ཀྱིས་མ་ཁྱབ་པའི་དམངས་སྲོལ་དང་ལམ་ལུགས་ཆེར་མེད་པའི་ཚོད་ཡིན་ལ། ཐ་ན་བག་མ་གཏོང་ལེན་གྱིས་མཚོན་པའི་འཇིག་རྟེན་མཐུན་འཇུག་གི་བྱ་བ་དང་བྱིས་པའི་བཙས་སྟོན་དང་མིང་འདོགས་ཚུན་ཆད་ནས་ས་ཞིང་རྨོ་འདེབས་དང་ཚོང་ལས་ཁེ་གཉེར་གྱི་འཁོར་བའི་བྱ་བ་ཡོད་རྒུ་ལའང་ཆོས་ལུགས་ཀྱི་དྲི་རོས་མ་ཁྱབ་པ་མེད།

  དེ་ཕྱིར་རང་རེ་བོད་ནི་དངོས་གནས་ཆོས་ལུགས་ཀྱི་འཇིག་རྟེན་ཆེན་པོ་ཞིག་སྟེ་གལ་སྲིད་ཆོས་ལུགས་འདི་མེད་ཚེ་དེ་མཐུན་གྱི་རིག་པའི་ཡན་ལག་མང་བོ་ཞིག་ཀྱང་གཞི་མེད་རྩ་བྲལ་དུ་འགྱུར་ངེས་ཡིན། ཟུར་གཞན་ཞིག་ནས་བལྟས་ན་འདི་ནི་འུ་ཅག་གི་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་ལ། འདིའི་དྲིན་གྱིས་ད་རུང་ཐོག་མའི་ངོ་བོ་མ་ཉམས་ཙམ་དུ་ཡོད། མཐའ་མའི་དབུགས་རྒྱུ་མ་འགག་ཙམ་དུ་ཡོད། གལ་སྲིད་འདི་ཡང་མེད་ཚེ་ང་ཚོ་ཅི་འགྱུར་ནི་ཚོད་དཔག་བྱེད་དཀའ་བ་ཞིག་ཏུ་འགྱུར་སྲིད།

  ཡིན་ཡང་དེང་རབས་རིག་གནས་ཀྱིས་འཛམ་གླིང་ལ་ཁ་ལོ་གང་དགར་སྒྱུར་བའི་སྐབས་འདིར་ང་ཚོའི་མི་རིགས་ཀྱི་ལས་ཀ་མང་བོ་ཞིག་ལ་སྟོང་ཆ་ཤོར་བ་མ་ཟད། གཡོལ་ཐབས་མེད་པའི་ཉེན་ཁ་ཆེན་པོ་ཞིག་ཀྱང་མིག་མདུན་དུ་ལྷགས་ཡོང་གིན་ཡོད། དེ་ནི་སྐད་དང་ཡི་གེས་མཚོན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་བྱུང་བའི་ཉེན་ཁ་དང་། མིའི་འཚོ་གནས་ཀྱི་རིག་པའི་སྟོང་ཆ་དང་འབྲེལ་བའི་ཉེན་ཁ་གཉིས་སོ།།

  སྟོང་ཆ་དང་ཉེན་ཁ་དེ་རིགས་ཀྱིས་དེད་པའི་ཉེར་ལེན་གྱིས་རང་རེའི་ཤེས་ལྡན་པའི་ནང་དུ་རང་གི་རིག་གནས་སྲོལ་ལུགས་དང་བཅས་པར་དགག་སྒྲུབ་ཕྱིར་རྟོག་གི་ཚ་རླབས་འཕྱུར་ཞིང་། དེ་ཡང་མཐར་གཏུག་ན་རླབས་ཆེན་གྱི་གནའ་བོའི་མི་རིགས་འདི་ཡུན་རིང་དུ་གནས་པ་དང་། མི་རིགས་གཞན་དང་དཔུང་བ་མཉམ་གཤིབ་ཀྱིས་ཇི་སྲིད་བསྐལ་བར་འཚོ་གནས་བྱེད་འདོད་པས་རེད། དེའི་དཔེ་མཚོན་ནི་སྐུ་ཞབས་ཞོགས་དུང་གིས་མཚོན་པའི་མི་སྐྱ་ཤེས་ཡོན་ཅན་མང་བོ་དང་། ཚ་བ་མདའ་སྨྱུག་གིས་མཚོན་པའི་སེར་མོ་བའི་ཤེས་ལྡན་སྐོར་ཅིག་རེད། དྲང་མོར་བཤད་ན་འདི་དག་གིས་བོད་སྤྱི་ཚོགས་ཀྱི་ངོ་བོ་གནས་སྟངས་ལ་འགྱུར་བ་ཅང་བཟོས་མེད་ནའང་། དབང་གཅིག་ལུགས་གཅིག་དང་ཁ་རུབ་སྒོ་བཀག་གི་བསམ་བློའི་འཇིག་རྟེན་ལ་འགས་གཏོར་ཆེན་པོ་བྱས་ཏེ་མ་མཐའ་ཡང་སྐྱེ་བོ་སྒེར་སོ་སོའི་ལྟ་ཚུལ་ཡག་ཉེས་གང་ཡང་འཛེམ་མེད་དུ་ཕྱིར་བསྒྲགས་ཆོག་པའི་དཀྱེལ་ཡངས་ཀྱི་ཁོར་ཡུག་ཅིག་གྲུབ་པར་བྱས་ཡོད། འདི་ནི་རང་ལ་མེད་ཅིང་རང་དང་མི་མཐུན་པའི་རིག་པ་མང་བོ་དང་དུ་ལེན་པའི་སྔོན་འགྲོའི་སྐྱ་རེངས་རེད་ལ། རང་ཉིད་འཐུས་ཚང་གྲ་འགྲིག་གི་ལམ་དུ་ཕྱོགས་པའི་ཐོག་མའི་སྟ་གོན་ཡང་རེད།

  ཡིན་ཡང་ཉེ་ལམ་སྔོན་མ་དང་བསྡུར་ན་བསམ་བློ་དང་རིག་གནས་དགག་སྒྲུབ་ཀྱི་ཚ་རླབས་ཅུང་ཟད་འཇགས་པ་ལྟ་བུར་སྣང་ཡང་། དོན་ལ་དངོས་ཡོད་སྤྱི་ཚོགས་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱིས་དེད་དེ་བསམ་བློ་དགག་སྒྲུབ་དང་རིག་གནས་ཕྱིར་རྟོག་གི་གོམ་འཚམས་གཏན་ནས་བཞག་མེད། དེ་ནི་ཆེས་ཆུང་ས་ནས་དེ་རིང་གི་དེབ་འདིའི་བྱེད་པོ་གྲྭ་བཙུན་རྩོམ་འབྲི་བ་རླབས་ལགས་ཀྱི་འབོལ་རྩོམ་དེབ་འདིས་ཀྱང་ར་སྤྲོད་བྱེད་ཐུབ།

  རྩོམ་པ་པོ་ཁོང་ལ་མཚོན་ན་རང་ཉིད་གནས་སའི་དགོན་པ་དང་ཡང་ན་གྲྭ་བཙུན་གྱི་སྡེ། ཡང་ན་དད་ལྡན་མང་ཚོགས་ཀྱི་སྲོལ་ལུགས་གཤིས་གསུམ་སོགས་ཀྱི་མཚོན་པའི་རྒྱུན་མཐོང་གི་སྣང་ཚུལ་སོགས་ལ་ཕྱིར་རྟོག་དང་དཔྱད་ཞིབ་བྱས་ཏེ་རང་གི་ལྟ་ཚུལ་དང་རང་གི་རིགས་ལམ་ལ་བརྟེན་ནས་དགག་སྒྲུབ་སུན་འབྱིན་བྱས་ཡོད་ལ། འདི་ནི་དོན་ལ་སྙིང་སྟོབས་ཤིག་ཀྱང་ལགས་ཏེ་ལང་ཚོ་དར་བའི་ནང་སེམས་ཀྱི་གསོན་ཤུགས་ཤིག་ཀྱང་ལགས་སོ།།

  དྲང་མོར་བཤད་ན་མིག་སྔའི་ཁྲ་ཁྲ་རིག་རིག་གི་སྤྱི་ཚོགས་ཏེ་ཡོད་ཚད་ཕྱི་ཚུལ་དང་ཟོག་རྫུས་ལ་ཞོགས་པའི་མིའི་ནང་མཚང་དག་སུས་ཀྱང་གསལ་བོར་མཐོང་མོད། འོན་ཀྱང་དེ་དག་ལ་ཐད་ཀར་རྒོལ་རྡུང་གཏོང་བའམ། ལྷག་པར་དུ་ཆོས་ལུགས་དང་འབྲེལ་བའི་ཡུན་རིང་གི་དད་མོས་སྣང་ཚུལ་ལ་སུན་འབྱིན་བྱེད་པ་ནི་སླ་མོ་བདེ་མོ་ཞིག་གཏན་ནས་མ་ཡིན་ཏེ། དེ་ལ་ངེས་པར་དུ་རིག་གནས་ཆུ་ཚད་འཛོམས་པོ་ཞིག་མཁོ་བ་ཕར་ཞོག་མི་ཁ་དང་བཤད་ཡམས། འཇིགས་སྐུལ་དང་རུབ་རྡུང་སྣ་ཚོགས་ལ་མགོ་མི་སྒུར་བའི་རྣམ་དཔྱོད་དང་སྤོབས་པ། བཟོད་བསྲན་དང་ཁོག་རྒྱ་ཆེན་པོ་ཞིག་ཀྱང་མཁོ་བ་ཡིན། དེ་མེད་ཚེ་སྐབས་ཐོག་ཙམ་ལ་ངར་ལང་བ་ནི་སླ་ཡང་མིའི་ན་ཚོད་ཀྱི་དར་རྒུད་དང་སྤྱི་ཚོགས་ཀྱི་གནས་སྐབས་ཀུན་ཏུ་དགག་བཞག་གི་རྒྱུན་སྐྱོང་བ་ནི་ཤིན་ཏུ་དཀའ།

  ད་ནི་གང་ལྟར་ཡང་རླབས་ལགས་ཀྱིས་ལམ་ཁ་འདི་ཉིད་བདམས་ཤིང་། རླབས་ལགས་ཀྱིས་འདི་ལྟར་ལང་ཚོའི་ང་རོ་གསེང་ཐོར་བསྒྲགས་བྱུང་། ཁོས་རང་གི་མཐོང་སྣེ་ནས་མགོ་བརྩམས་ཤིང་། ཁོ་རང་གི་མཐའ་འཁོར་ནས་ལམ་དུ་ཆས་འདུག ཁོང་གི་རྩོམ་དག་ལ་ཡིག་ཚོགས་ཀྱི་དཔུང་མེད་ན་ཡང་ཚིག་གི་སྡེབ་ལེགས་ཤིང་། ཁོང་གི་རྩོམ་ཡིག་དག་ལ་གཞུང་གི་ཆིངས་མེད་ནའང་གཙོ་གནད་འབུར་དུ་ཐོན་ཡོད། ཁོང་གི་རྩོམ་ཡིག་དག་ལ་བལྟས་ན་སྐབས་རེར་ཅི་མ་བདེན་འདོད་པའི་སྣང་བ་སྦྱིན་ཞིང་། ཡང་ལན་རེར་མེ་ལོང་རང་ལ་སྐོར་ཏེ་ཅི་ཞིག་འཚོལ་དགོས་སྙམ་པའི་བྲེལ་ཤ་ཡང་བསླངས་ཡོང་།

  དེ་བས་ཀློག་མཁན་ལགས། ཁྱེད་ཀྱིས་ཀྱང་དེབ་འདི་ཐེངས་གཅིག་ཀློགས་དང་། འདིས་ཁྱེད་ཀྱི་དུས་ཚོད་མང་བོ་འཕྲོ་བརླག་མི་བྱེད་ལ། འདིས་ང་ཚོ་ཚོར་མེད་ཤུགས་མེད་དུ་འཚོ་བར་ནོངས་འགྱོད་ཅིག་ཀྱང་བསླང་ངེས། ཡང་ན་ཁྱོད་ལ་སྙིང་རླུང་སློང་ཞིང་ཡིད་ཆད་ཀྱི་སྣང་བ་ཞིག་ཀྱང་སྦྱིན་སྲིད་ན། ཀྱེ་གྲ་སྒྲིག་ཡོད་པར་གྱིས་ཨང་།

  ཞེས་ཁྱུང་བཟང་གིས།

  2019/3/5ཉིན་རོང་བོ་ནས།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།