«རྟེན་འབྲེལ་གྱི་སྙིང་པོ་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཉི་མའི་དཀྱིལ་འཁོར»ཞེས་པ་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2020-03-02 20:42:14][རྩོམ་པ་པོ། བཀའ་རམས་པ་ཚུལ་ཁྲིམས་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔེ་སྐྲུན་གསལ་བཤད།

  ཞང་བོད་སྲིད་པའི་ལྗོངས་འདིར་རྣམ་མཁྱེན་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ནས་བཟུང་སྟེ་ཚེ་ལོ་བརྒྱ་པའི་བསྟན་པ་རིན་པོ་ཆེ་འགྲོ་བ་རང་མཐུན་གྱི་བློས་ཐེག་ཚོད་བཞིན་ས་ཁྱབ་རྡོ་གདལ་དུ་ཕྱིན་ཡོད་ན་ཡང་། བཞུད་ཟིན་པའི་བཙན་པོའི་དུས་རབས་ཀྱི་ལོ་ཟླ་དང་ཀྱག་ཀྱོག་ཆེ་བའི་རྐང་རྗེས་ལ་ཕྱི་མིག་གིས་བལྟས་ན་ལན་རེ་ཟུང་ལ་བོད་སྤྱི་ལ་ཐེབ་པའི་གོད་ཆག་མང་པོ་ཞིག་མིག་སྔར་འཆར་ཡོང་བ་མ་ཟད།རྒྱལ་བློན་འགའི་ཚུལ་མིན་གྱི་གསང་བ་མཐུག་པོ་རེ་ཡང་རང་བཞིན་གྱིས་མཐོང་ཡོང་བ་སྲོང་བོར་བརྗོད་པའི་ཡིག་ཆ་འགའི་ཟུར་ནས་གསལ། རེད་དེ་གཉོམ་ཆུང་ཆུང་གིས་ལོ་ཟླ་མང་པོ་ཞིག་རིམ་གྱིས་བརྒལ་བའི་མཐར། གཡུང་དྲུང་བོན་གྱི་ཕྱི་དར་བསྟན་པའི་སྲོག་ཤིང་སྤྲུལ་པའི་སྐུ་མཆོག་བླ་མ་གཤེན་ཆེན་པོ་དང་། བཀའ་བབ་ཀྱི་སློབ་མ་ཀ་ཆེན་བཞིས་གཙོས་པའི་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཐུ་དཔུང་སྡོང་གྲོགས་ཕྱོགས་གཅིག་ཏུ་བསྒྲིལ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ལ་གཞོལ་ཞིང་། བོད་དང་བོད་ཆེན་པོའི་ཐུན་མིན་གྱི་ཤེས་བྱ་དང་རིག་གནས་ཀྱི་རྒྱལ་མཚན་གཡུལ་ལས་རྒྱལ་ཞིང་ས་སྒོང་འདིའི་སྟེང་དུ་བཏེགས་པར་མཛད། དེ་མཚུངས་སུ་དུས་ཀྱི་དཀྱོག་མཚམས་ཆེན་པོ་རེར་བསམ་བཞིན་བྱོན་པའི་རླབས་ཆེན་ཚད་མའི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་སྟེ་གཡས་རུའི་སྟོན་པ་བཅོ་བརྒྱད་དང་། རྒྱལ་བ་སྨན་རི་བའི་མཁན་རབས་རིམ་བྱོན་སོགས་ཀྱིས་ཡར་ངོ་ལ་བཤད་པ་ལུང་རིགས་ཀྱི་འཁོར་ལོར་འཆད་ཉན་རྩོད་སྤོང་དང་། མར་ངོར་སྒྲུབ་པ་ཉམས་ལེན་དང་ཏིང་འཛིན་གྱི་སྡེ་བཙུགས་ནས་ཆད་ལ་ཉེ་བའི་གནའ་བོའི་ཤེས་རིག་གི་དབུགས་རྒྱུན་ཕྲ་མོ་མུ་ནས་མུ་རུ་བསྲིངས་བ་དང་དར་རྒྱས་ཕུན་སུམ་ཚོགས་པར་མཛད།

  འདས་པའི་བགྲང་བྱ་དྲུག་ཅུའི་སྔོན་དུ་རྒྱལ་བསྟན་སྤྱི་ལ་དུས་འགྱུར་བྱུང་བ་སྟེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ས་སྟེང་འདིར་གནས་དང་མི་གནས་ཀྱི་ས་མཚམས་ཡ་ང་བ་ཞིག་ཀྱང་བྱུང་ཡོད་མོད། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ས་སྟེང་འདིར་ཡུན་གནས་རྒྱུན་མཐུད་ཀྱིས་བཞུགས་པར་དཀའ་བ་སྲོག་ལའང་མ་འཛེམས་མ་གཡོལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་སྤྱི་དང་། ཁྱད་པར་དུ་༧དཔོན་གསས་བླ་མ་དམ་པ་སྐུ་བདེ་བར་གཤེགས་པ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་། མཁས་རྒུའི་གཙུག་ཏུ་ཏོག་ལྟར་འགྱིང་བ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་སྟོབས་ཀྱི་དཔུང་བ་གཅིག་ཏུ་བསྒྲིལ་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེར་ཆེས་བླ་ན་མེད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་པ་དང་། ཡང་ཁྱད་དུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཙོས་བོད་ཀྱི་ཐུན་མོང་རིག་གནས་དང་བཅས་པ་སྦྱང་སའི་ཁོར་ཡུག་གི་སྡེ་ཆེན་པོ་བསྐྲུན་ཞིང་། ད་བར་དུ་དགེ་བའི་བཤེས་གཉེན་གྲངས་འབོར་བརྒྱ་ཕྲག་གཉིས་ལ་ཟིན་པས་འཛམ་བུའི་གླིང་གི་ཤར་ནུབ་ཡུལ་གྲུ་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་མུས་སུ་བཞུགས།

  དེ་བཞིན་དགེ་བའི་བཤེས་གཉེན་མང་པོ་ཞིག་གིས་ལོ་མང་རིང་ཐོས་བསམ་གཡུར་དུ་ཟ་བ་གནང་བའི་གྲུབ་འབྲས་སམ་འབྲས་རྟགས་སུ་ཐུན་མོང་མ་ཡིན་པའི་ཟབ་མོའི་གཞུང་དོན་ཁག་ལ་གསེད་བཀྲོལ་གྱིས་གཞུང་འགྲེལ་སོགས་བརྩམས་ཏེ་ཕྱག་དེབ་རེ་དཔར་བསྐྲུན་བྱས་དང་བྱེད་བཞིན་པ་ལྟར། ད་རེས་ཀྱང་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་ལ་ཉེ་བའི་སྨན་རིའི་བཀའ་རམས་པ་རྟོགས་ལྡན་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་ལོ་མང་རིང་རྒྱལ་བའི་བཀའ་སྲིད་པའི་མཛོད་ཕུགས་དང་དེ་འབྲེལ་མཁས་བཞིའི་མཛོད་འགྲེལ། དྲན་པའི་མཛོད་སྒྲ་འགྲེལ། འགྲོ་མགོན་རིན་པོ་ཆེའི་མཛོད་འགྲེལ། རྗེ་རིན་པོ་ཆེའི་མཛོད་འགྲེལ། མཁས་མཆོག་སྒ་སྟོན་གྱི་མཛོད་འགྲེལ་རྣམས་ལ་དཔྱད་གསུམ་ཚད་མས་ནན་དཔྱད་རིམ་པར་བགྱིས་པའི་ལེགས་བཤད་<<རྟེན་འབྲེལ་གྱི་སྙིང་པོ་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཉི་མའི་དཀྱིལ་འཁོར་>>ཞེས་བོད་ཀྱི་མཁས་པ་སྔ་རབས་པའི་རྩོམ་གཤིས་དང་ཆེས་མཐུན་ཞིང་། དེའང་རྩོད་པ་དང་རྩོད་སྤོང་གི་ལམ་ནས་གཞུང་དོན་དཀའ་གནད་ཀྱི་མཐའ་རྣམས་ལེགས་པར་བཅད་དེ་ཚུལ་གསུམ་རྟགས་ཀྱིས་རྨིང་གཞི་མཐུག་པོ་བཏང་བས་མ་ཚད། ཀློག་པ་པོ་རྣམས་ཀྱིས་གོ་བ་ལེན་བདེའི་ཆེད་དུ་རྟེན་འབྲེལ་གྱི་ཡན་ལག་རེ་རེ་ལ་ཞིབ་ཕྲའི་ས་བཅད། དེ་བཞིན་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། རྩོད་པ་སྤོང་བ་སོགས་ཁྱད་བོན་གནད་ལ་འཁེལ་བ་མང་པོ་འདུག དེས་ན་འདི་ག་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་ཀྱང་མི་ཚེ་ཐོས་བསམ་གྱི་འཁོར་ལོས་སྐྱེལ་བཞིན་པའི་སློབ་གཉེར་བ་དག་ལ་མཚོན་ན་ཞབས་ཕྱིའི་གོ་སྐབས་བཟང་པོ་ཞིག་ཏུ་བསམ་སྟེ་གསུང་དེབ་འདི་དཔར་སྐྲུན་ཞུས་ཡོད་པས་མི་འགྱང་བར་བོད་ཕྱི་ནང་ས་ཕྱོགས་གང་སར་འགྲེམས་སྤེལ་བྱ་རྒྱུ་ཡིན་པས་དཔེ་ཀློག་ལ་དགའ་བའི་མི་བུ་དག་ལ་ཤེས་རབ་གྱི་གྲོགས་སུ་འགྱུར་བར་རེ་ནས་ཡོད། སྤྱིར་རྒྱལ་གཤེན་དཔེ་སྐྲུན་ཁང་གི་ལས་གཞིའི་ཁ་ཕྱོགས་གཅིག་ནི་ད་ལྟའི་སྤྱི་ཚོགས་ཁྲོད་རྩོམ་རིག་གི་ཁ་ཕྱོགས་སྔར་ལས་ཡར་རྒྱས་སུ་གཏོང་བར་དམིགས་ཏེ། རང་རེའི་རྩོམ་པ་པོའི་སྡེ་ཡི་རྩོམ་ཡིག་གསར་བའི་རིགས་དཔར་དུ་བཏབ་ནས་རྩོམ་པ་པོ་ཁོང་ཅག་གི་ཤེས་རབ་ཀྱི་སྒོ་གླེགས་སྔར་ལས་ཀྱང་འབྱེད་ཕྱིར་ཞབས་ཞུ་གང་ནུས་ཀྱིས་སྒྲུབ་བཞིན་པའི་ཁུལ་ཡིན་ལ། མ་འོངས་པར་ཡང་སྐབས་དང་དུས་སུ་བསྟུན་ནས་དེ་ལུགས་བྱ་བཞག་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ཞུ་བའོ། །

  རྒྱལ་གཤེན་དཔེ་སྐྲུན་ཁང་གིས་ཕྱི་ལོ་༢༠༢༠ཟླ་༢ཚེས་༡༨ཉིན།


རྩོམ་པ་པོ་མཚམས་སྦྱོར།

  རྟོགས་ལྡན་གྲྭ་ཚུལ་ཁྲིམས་འོད་ཟེར་ནི་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་པའི་ནང་ཚན་བོད་ཤིང་སྦྲུལ་ལོ་སྟེ་ ༡༩༦༥ལོར་མདོ་སྨད་རྔ་བ་བློན་ཚང་འཇུ་སྐོར་སྡེ་བ་རུ་ཡབ་ཟོན་ཡག་དང་ཡུམ་རྟ་མགྲིན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་སུ་ཡུལ་དེའི་སློབ་ཆུང་དུ་ཕེབས། ཁུ་བོ་ཀུན་བཟང་རྒྱལ་མཚན་དང་བསོད་ནམས་ཡེ་ཤེས་གཉིས་ལས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཐིལ་ཕྱིན་གནང་། ༡༩༨༢ལོར་མདོ་སྨད་རྟོགས་ལྡན་དགོན་ལ་སླར་ཡང་བོན་སྒོ་ཕྱེས་པ་ནས་ཀུན་མཁྱེན་ཤར་རྫ་པའི་དངོས་སློབ་རྟོགས་ལྡན་ཡོངས་འཛིན་བཟོད་པ་རྒྱལ་མཚན་གྱི་དྲུང་དུ་རབ་བྱུང་གི་སྡོམ་པ་ཞུས་ནས། རྟོགས་ལྡན་དགོན་གྱི་ཚོགས་གྲལ་དུ་ཞུགས། རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ་དང་ཁྲི་བ་རིན་པོ་ཆེ། ཁམས་དབང་བསྟན་འཛིན་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་མང་དུ་ཞུས། ༢༠༠༥ལོར་རྒྱ་གར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ཏེ།བཀའ་དྲིན་མཚུངས་ཟླ་མ་མཆིས་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུས་ཤིང་སྨན་རིའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། སྔ་ཕྱིར་བཤད་སྒྲུབ་འདུས་སྡེའི་ཚོགས་གཞོན་དང་གྲྭ་ཚང་གི་ཚོགས་ཆེན་ཞལ་ངོའི་ཐུགས་འགན་སོགས་བཞེས། གངས་རིའི་འོད་ཟེར་དང་བོན་སྒོ་སོགས་དུས་དེབ་ཁག་ཏུ་དཔྱད་རྩོམ་དང་སྙན་རྩོམ་སྣ་ཚོགས་བཀོད། ལོ་མང་རིང་གཞུང་ཆེན་བཀའ་པོད་དྲུག་ལ་སློབ་གཉེར་ཚུལ་བཞིན་མཛད་དེ། ༢༠༡༩ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རམས་པའི་མཚན་གནས་བཞེས་ཤིང་། ༢༠༢༠ ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་ཡོད་པ་བཅས་ཀྱི་ངོ་སྤྲོད་གནད་བསྡུས་ཙམ་དུ་སྨན་རིའི་དགེ་མིང་བ་ཁྲི་གཡུང་དྲུང་ནས་བགྱིས་པ་དགེ་གྱུར་ཅིག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།