རྩོམ་དེབ་《ཐོས་བསམ་གྱི་སྙིང་བཅུད་གསེར་གྱི་ཐིགས་པ།》འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2020-01-03 13:54:52][རྩོམ་པ་པོ། རག་ཤི་དགེ་བཤེས་ཡོན་ཏན་བཟང་པོས་བརྩམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རག་ཤི་དགེ་བཤེས་ཡོན་ཏན་བཟང་པོའི་རྩོམ་དེབ་གསར་པ་《ཐོས་བསམ་གྱི་སྙིང་བཅུད་གསེར་གྱི་ཐིགས་པ།》འགྲེམ་སྤེལ་གནང་བ།

གླེང་གཞིའི་གཏམ།
   དེ་ཡང་མཐོ་སྒང་ཁ་བ་གངས་ལྗོངས་དག་པའི་ཞིང་མཆོག་སྲིད་པའི་ཞང་ཞུང་སྨར་གྱི་ཡུལ་ནས་སྐུ་འཁྲུངས་པའི་རྣམ་མཁྱེན་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གངས་ཅན་བོད་པ་ཚང་གི་རིག་གཞུང་འདི་ཉིད་སྲོལ་གཏོད་གནང་ནས་ད་ལྟའི་བར་དུ། ལོ་རབས་ལོ་ཡི་ཕྲེང་བ་བགྲང་བྱ་སྟོང་ཚོ་བཅོ་བརྒྱད་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། གསེར་འོད་ནོར་བུ་འོད་འབར་ལས། ཐམས་ཅད་གང་ཡང་མི་རྟག་པས། འཇིག་རྟེན་ཁམས་སུ་དར་རྒུད་ཡོད། ཉི་ཟླ་ཀུན་ལ་འཆར་ནུབ་སྲིད། སངས་རྒྱས་ཀུན་ལ་འདས་གྲོངས་ཡོད། བཟང་ངན་ལས་ལ་རྒྱུ་འབྲས་ཡོད། ཅེས་གསུངས་པ་ནང་བཞིན། དུས་ཡུན་རིང་པོ་དེ་དག་གི་ནང་ནས་བོད་པ་རང་ཉིད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་ཀྱང་། དར་རྒུད་འགྱུར་བ་ཆུ་ཡི་གཉེར་མ་དང་དཔྱིད་ཀྱི་གནམ་ངོ་ཇི་བཞིན་འཕེལ་འགྲིབ་མང་པོ་བྱུང་ཡོད། འོན་ཀྱང་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་བསོད་ནམས་ལ་བརྟེན་ནས་མི་རིགས་རང་ཉིད་ཀྱི་ཆོས་དང་རིག་གཞུང་གི་རྩ་བ་རྒྱལ་བའི་བཀའ་འགྱུར་ཆེན་མོ་པོ་ཏི་བརྒྱ་དང་བདུན་ཅུ་དོན་བརྒྱད་ལྷག་ཙམ་ད་ལྟ་དངོས་སུ་བཞུགས་ཡོད་པ་དེ་ནི། དབུགས་ལྡན་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་དང་། གངས་ཅན་བོད་པ་ཚང་གི་གཟི་བརྗིད་ཅིག་ཡིན། རིག་གཞུང་དེ་ནི་བོད་པ་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་བསྐྲུན་ཞིང་། བོད་རང་ས་རང་ཡུལ་ནས་དར་བའི་རིག་གཞུང་ཞིག་ཡིན་པས། བོད་མི་སྤྱི་བོ་གནམ་བསྟན་ཚང་མས་རང་གི་མེས་པོའི་ཆོས་དང་རིག་གཞུང་འདི་དག་ལ་ཐོས་བསམ་སློབ་སྦྱོང་དང་། མ་ཉམས་གོང་འཕེལ་ཉམས་པ་སླར་གསོ་བྱེད་རྒྱུའི་འོས་འགན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཕྲན་རང་ཉིད་ཀྱིས་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་མེས་པོའི་ཆོས་དང་རིག་གཞུང་ལ་ཐོས་བསམ་ཡུན་རིང་བྱས་པའི་ལག་རྗེས་སུ། མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་ལྟར། ༼ཐོས་བསམ་གྱི་སྙིང་བཅུད་གསེར་གྱི་ཐིགས་པ།༽ཞེས་པའི་དེབ་ཆུང་འདི་ཉིད་དཔར་བསྐྲུན་དང་འགྲིམ་སྤེལ་ཞུས་ཡོད། དེབ་འདིའི་ནང་དུ་གཙོ་བོའི་བརྗོད་བྱ་ནི། ལོ་རྒྱུས་དང་། དཔྱད་བརྗོད། སློབ་གསོ་དང་སྙན་རྩོམ་བཅས་རྣམ་པ་བཞིའི་སྒོ་ནས་བཤད་ཡོད། དང་པོ་ལོ་རྒྱུས་ཀྱི་སྐོར་ནི། སྟོན་པ་གཤེན་རབ་ནས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རིམ་དང་། སྟོན་པ་ཤྭཀྱ་ཐུབ་པ་ནས་དམ་པའི་ཆོས་ཀྱི་བསྟན་པའི་བྱུང་རིམ། དེ་བཞིན་རང་དགོན་གྱི་ལོ་རྒྱུས་དང་བསྟན་ལ་མཛད་རྗེས་ཆེ་བའི་བླ་ཆེན་གྱི་མཛད་རྣམ་བཅས་བྲིས་ཡོད། གཉིས་པ་དཔྱད་བརྗོད་ནི། གསང་སྔགས་བསྙེན་སྒྲུབ་ལས་གསུམ་གྱི་སྐོར་དང་། མདོ་སྔགས་ཀྱི་གཞུང་ལས་བཤད་པའི་བླ་ཚེ་སྲོག་གསུམ་གྱི་སྐོར། དེ་བཞིན་བོན་སྒོ་བཞི་མཛོད་ལྔའི་ནང་ཚན་འཕན་ཡུལ་གྱི་བོན་སྒོ་ནས་གསུངས་པའི་མཆོད་པ་རྣམ་ལྔའི་ཕན་ཡོན་དང་། མན་ངག་རྫོང་འཕྲང་སོགས་གཞིར་བཟུང་སྟེ་ཕྲེང་བའི་རྣམ་བཤད་བཅས་བྲིས་ཡོད། གསུམ་པ་སློབ་གསོ་དང་སྙན་རྩོམ་གྱི་སྐོར་ནི། གྲུབ་མཐའ་རིས་མེད་བྱེད་དགོས་པའི་སྐོར་དང་། དོན་གྱི་གྲོགས་པོ། ཕྲག་དོག་གི་འཇིག་རྟེན། རྫུན་ཞྭ་ལ་མཁས་པའི་བོད་པ། སེམས་ལ་ཉར་དགོས་པའི་དོན་ཚན་དགུ་སོགས་ཀྱི་སྐོར་ནས་བྲིས་ཡོད། སྤྱིར་ཤེས་བྱ་རིག་པའི་གནས་ལ་མཐའ་མེད་པས་ཕྲན་གྱི་དེབ་ཆུང་འདི་ལའང་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སེམས་ཁམས་མཐུན་པ་དང་མི་མཐུན་པ་མང་པོ་ཞིག་ཡོང་སྲིད་པ་དང་། ལྷག་ཏུ་རྩོམ་སྒྲིག་གི་དུས་ཡུན་ཐུང་བའི་རྐྱེན་གྱིས་ཡི་གེ་དག་ནོར་ཆད་ལྷག་སོགས། མདོར་ན་འགལ་དང་ནོར་བའི་ཆ་ཐམས་ཅད་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སྤྱན་སྔར་མཐོལ་བཤགས་བཟོད་གསོལ་ཞུ་བ་དང་།
   འདི་བྲིས་རྣམ་དཀར་དགེ་བའི་སྟོབས་ཀྱིས་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་པའི་བསྟན་འཛིན་སྐྱེས་བུ་རྣམ་པའི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཞིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་དར་ཞིང་རྒྱས་པ་དང་། ཞིང་ཁམས་གཞན་དུ་གཤེགས་པའི་བདག་གི་དྲིན་ཆེན་མ་ཡུམ་གཙོས་པའི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་པའི་རྒྱུ་རུ་འགྲོ་བའི་རེ་སྨོན་དང་བཅས། བོན་བན་གཉིས་ཀྱི་གཞུང་ལུགས་ལ་ཐོས་བསམ་གྱི་འཚོ་བ་ཡུན་རིང་བསྐྱེད་པའི་རག་ཤི་དགེ་བཤེས་ཡོན་ཏན་བཟང་པོའམ་མིང་གཞན་དུ་རག་བཙུན་གངས་ལྷ་དཀར་པོ་རུ་འབོད་པ་དེས་སྤྱི་ལོ་༢༠༡༩ལོའི་ཟླ་༦ཚེས་༩ཉིན་རིས་མེད་གྲུབ་མཐའི་ལྟེ་གནས། བོད་ལྗོངས་ནང་བསྟན་སློབ་ཆེན་དུ་སྦྱར་བའོ།།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
 དགེ་བཤེས་ཡོན་ཏན་བཟང་པོ་རིན་པོ་ཆེ་ཁོང་ནི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ཕུ་བོ་ལྡོང་གི་རིགས་རྒྱུད་སྟེ། ཡབ་རག་ཤི་ཚེ་དབང་ཡར་རྒྱས་དང་། སེ་ཁྱུང་དབྲ་ཡི་རིགས་རྒྱུད་སྟེ། ཡུམ་དབྲ་བཟའ་ཚེ་རིང་སྐྱིད་འཛོམས་གཉིས་ཀྱི་སྲས་སུ་བོད་ཆུ་ཁྱི་ལོའི་སྤྱི་ལོ་༡༩༨༡ལོར་ཧོར་ཡུལ་སྦྲ་ཆེན་གསེར་ལུང་ཕྱུག་མོའི་ལྗོངས་སུ་སྐུ་འཁྲུངས།
   སྤྱི་ལོ་༡༩༩༣ལོར་སོག་རུ་དགེ་བཤེས་ཚེ་དབང་ཕུན་ཚོགས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་གི་རྨང་གཞིའི་ཤེས་བྱ་སྦྱངས། ༡༩༩༥ལོར་ཁའོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་རིན་པོ་ཆེའི་མདུན་ནས་རབ་བྱུང་བསྒྲུབས་ཏེ་སྤ་དགོན་དུ་སྒྲིག་ཞུགས་བྱས། དུས་དེ་ནས་བཟུང་སྤ་དགོན་དུ་གཏོར་བཅའ་མར་རྒྱན། གྱེར་འཕྲིན་ལས། ཐིག་རྡུལ་ཚོན། འཆམ་དར་རྒྱན། འབུད་བརྡུང་བཀྲོལ་གསུམ་བཅས་ལ་ལེགས་པར་སྦྱངས།    ༡༩༩༧ལོར་མཚན་ཉིད་བཤད་གྲྭའི་ནང་དུ་ཞུགས་ཏེ་རྩ་བའི་བླ་མ་རྟོགས་ལྡན་མཆོག་གི་མདུན་ནས་སྤ་ཚང་མཁས་དབང་འབྲུག་རིན་པོ་ཆེའི་ཚད་མ་དང་ཕར་ཕྱིན་སོགས་སྦྱངས། དེ་རྗེས་རིམ་བཞིན་ཁྱུང་ཡུལ་སྟེང་ཆེན་དགོན། རྔ་ཡུལ་རྟོགས་ལྡན་དགོན། ཧོར་ཡུལ་སྤ་ཚང་དགོན་བཅས་དགོན་ཆེན་གསུམ་གྱི་སློབ་དཔོན་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་མི་ལོ་བཅུ་བདུན་ཙམ་གྱི་རིང་ལ་ཐུན་མོང་གི་རིག་གནས་སྤྱི་དང་། ཐུན་མིན་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་ལ་ཆེད་སྦྱོང་དང་ཉམས་ལེན་བྱས་ཏེ།
   སྤྱི་ལོ་༢༠༡༣ལོར་སྤ་དགོན་དུ་མཁས་མང་འདུས་པའི་དབུས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། ༢༠༡༤ལོར་སྤ་དགོན་གྱི་ཚོགས་ཆེན་དགེ་སྐོས་ཀྱི་ཐུགས་འགན་བཞེས་ཏེ། སྔར་སྲོལ་བཟང་པོ་མི་ཉམས་གོང་འཕེལ་གྱི་ཆེད་དུ་དབུ་མཛད་གྲོས་ཚོགས་ཆེན་མོ་ཐོག་མར་གཉེར་སྐྱོང་བྱས་ཏེ། བཅའ་འདོན་སྐོར་གྱི་མི་མཐུན་འགལ་འདུའི་དོགས་གཅོད་དྭངས་ཤེལ་མེ་ལོང་ཞེས་པའི་ཟིན་རིས་ཤིག་གསར་བཏོད་བྱས། སྐབས་དེར་རྩ་བའི་བླ་མ་སྤ་སྟོན་ཁྲི་འཛིན་མཁན་རིན་པོ་ཆེ་ཤེས་རབ་བསྟན་པའི་ཉི་མ་མཆོག་གཙོས་བྱས་པའི་ཡུལ་མི་སྐྱ་སེར་བརྒྱ་སྟོང་མང་པོས་བསྔགས་བརྗོད་ངག་གི་མེ་ཏོག་འཐོར། བར་གསེང་དུ་སྤ་དགོན་གྱི་བཤད་གྲྭ་བ་རྣམས་ལ་སློབ་ཁྲིད་གནང་།  ༢༠༡༥ལོར་རྩ་ལུང་མཁའ་འགྲོ་གསང་མཛོད་ཀྱི་སྔོན་འགྲོ་ནས། འཇམ་རླུང་༎ བར་རླུང་། དྲག་རླུང་། ཆུ་རས་བཅས་ཆ་ཚང་ལེགས་པར་སྦྱངས་ཤིང་ཞག་པོ་བརྒྱ་དང་སུམ་ཅུའི་རིང་ལ་མཚམས་སུ་བཞུགས། ༢༠༡༥ལོའི་ལོ་མཇུག་ཏུ་བོད་ལྗོངས་ནང་བསྟན་སློབ་ཆེན་དུ་གཞུང་ཆེན་བཀའ་པོད་ལྔ་ཡི་རྒྱུགས་སྤྲད་གནང་ནས་ནང་བསྟན་སློབ་ཆེན་དུ་འགྲོ་རྒྱུའི་གོ་སྐབས་ཐོབ། ནང་བསྟན་སློབ་ཆེན་དུ་མི་ལོ་ཧྲིལ་པོ་བཞི་ཡི་རིང་ལ་གྲུབ་མཐའ་ཆེན་མོ་ལྔ་ཡི་ལམ་རིམ་དང་།
   གཙོ་བོ་རི་བོ་དགེ་ལྡན་པའི་གཞུང་ཆེན་བཀའ་པོད་ལྔ་དང་རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་སོགས་ལ་ཆེད་སྦྱངས་བྱས་ཏེ། མཐར་༢༠༡༩ལོའི་ཟླ་༦ཚེས་༡༥ཉིན་ནང་བསྟན་སློབ་ཆེན་ནས་གསང་སྔགས་རབ་འབྱམས་པའི་ཕྱག་འཁྱེར་ཐོབ། དེ་སྔོན་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་དང་། བོད་རྒྱུད་ནང་བསྟན་གྱི་བཀའ་དགོངས་འགྲེལ་གྱི་དཔྱད་གླེང་ཚོགས་འདུ་སོགས་ལ་ཞུགས་ཏེ་དཔྱད་རྩོམ་མང་པོ་སྤེལ། ༢༠༠༧ལོ་ནས་ད་ལྟའི་བར་དུ་སྤ་དགོན་གྱི་ལོ་དེབ་སྦྲ་གུར་གྱི་འོད་སྣང་ཞེས་པའི་རྩོམ་སྒྲིག་ཚོགས་པའི་ལས་འགན་ཁུར། ༢༠༠༧ལོ་ནས་༢༠༡༣ལོའི་བར་སྤ་དགོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་མཛད་དང་རྩིས་གཉེར་སོགས་ཀྱི་ཐུགས་འགན་བཞེས། བོད་ལྗོངས་ནང་བསྟན་སློབ་གླིང་དུ་བཞུགས་རིང་དབྱར་དགུན་གྱི་གུང་གསེང་སྐབས་སུ་དགོན་པ་དང་རི་ཁྲོད་འགའ་ཡིས་གདན་ཞུས་ལྟར་བཤད་སྒྲུབ་ཀྱི་སློབ་མ་རྣམས་ལ་སློབ་ཁྲིད་དང་། མང་ཚོགས་དད་སྦྱིན་རྣམས་ལ་བོན་གྱི་འཁོར་ལོ་རྒྱུན་དུ་བསྐོར། ལྷག་པར་ཏུ་བྱམས་སེམས་སྙིང་རྗེ་ཁ་བཤད་ཙམ་མ་ཡིན་པར། དོན་དུ་ལག་ལེན་གྱི་ཐོག་ནས་རྒན་གསོ་ཁང་དང་སློབ་གྲྭ་སོགས་རྒྱུ་མེད་ཀྱི་དབུལ་པོ་དང་ཉམ་ཐག་གི་ནད་པ་རྣམས་ལ་ཕྱི་ཐོགས་བཅས་དངོས་པོའི་ཐོག་ནས་རོགས་སྐྱོར་དང་། ནང་ཐོགས་མེད་སེམས་ཁམས་བདེ་ཐང་ལ་ཕན་པའི་སློབ་གསོ་མང་པོ་གནང་། གཞན་ཡང་རྩྭ་ས་རྩོད་གླེང་དང་མི་དམངས་ནང་ཁུལ་གྱི་འགལ་ཟླ་སོགས་གྱོད་གཞི་ཆེ་ཁག་མང་པོ་འདུམ་འགྲིག་བྱས། མ་འོངས་པར་དེ་ལྟ་བུའི་རྣམ་དཀར་དགེ་བའི་ལས་བཟང་མང་པོ་ཞིག་བསྒྲུབ་ཐུབ་པའི་སེམས་ཤུགས་ཡོད་མཁན་གྱི་བཤེས་གཉེན་ཞིག་ཡིན།
   སྤྱི་ལོ་༢༠༡༩ལོའི་ལོ་མཇུག་ཏུ་པེ་ཅིང་ཀྲུང་གོ་མི་དམངས་སློབ་ཆེན་དུ་ཕྱིན་ནས་ཆོས་ལུགས་ཚད་མ་རིག་པའི་ཆེད་ལས་རབས་འབྱམས་པའི་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཞུགས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་ཆོས་ལུགས་ཀྱི་ཆེད་ལས་མཁས་དབང་ཚོ་དང་མཉམ་དུ་སློབ་སྦྱོང་བྱས། ད་ལྟ་ནི་སྤ་ཚང་དགོན་པའི་བཤད་སྒྲུབ་འདུས་སྡེའི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་ནས་བཞུགས་ཡོད། མདོར་ན་བན་བོན་གཉིས་ཀྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་པའི་ཉམས་རྟོགས་ཀྱིས་ཕྱུག་ཅིང་བཅའ་འདོན་སྒྲུབ་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་ཕྱོགས་གང་ཐད་ནས། ཆ་རྐྱེན་ཕུན་སུམ་ཚོགས་པའི་ཤེས་འཇོན་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཕུལ་དུ་བྱུང་བ་ཞིག་ཡིན་ནོ།།
མི་ལོ་ཧྲིལ་པོ་བཞིའི་རིང་ལ་བོད་ལྗོངས་ནང་བསྟན་སློབ་ཆེན་དུ་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་མཉམ་དུ་བྱས་པའི་ཁོང་གི་གྲོགས་མཆོག་མཁན་པོ་ཕུན་ཚོགས་ཚེ་བརྟན་ནས་བྲིས།


དཔེ་དེབ་འགྲེམ་སྤེལ་བྱ་ཡུལ་གྱི་ས་གནས་དང་འབྲེལ་ཡུལ།

དཔེ་བདག་རྩོམ་པ་པོ་འབྲེལ་བ་གནང་ཡུལ། 13618968888
ཟི་ཁྲོན་ས་ཁུལ་འབྲེལ་བ་གནང་ཡུལ།13350089997
བོད་ལྗོངས་ལྷ་སའི་ཁུལ་འབྲེལ་བ་གནང་ཡུལ།13549080866
ནག་ཆུ་ས་ཁུལ་འབྲེལ་བ་གནང་ཡུལ།13638961888
ཉིང་ཁྲི་ས་ཁུལ་འབྲེལ་བ་གནང་ཡུལ།13298906999
ཆབ་མདོ་སྟེང་ཆེན་ས་ཁུལ་འབྲེལ་བ་གནང་ཡུལ།13889050580
གཉན་རོང་ས་ཁུལ་འབྲེལ་བ་གནང་ཡུལ།18076986487
འབྲི་རུ་ས་ཁུལ་འབྲེལ་བ་གནང་ཡུལ།19908959377
ཉི་མ་རྫོང་སོགས་དྭངས་རའི་ས་ཁུལ་འབྲེལ་བ་གནང་ཡུལ།13398083161
སྦྲ་ཆེན་ས་ཁུལ་འབྲེལ་བ་གནང་ཡུལ།13989960999
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།