བགྲེས་པོའི་འབེལ་གཏམ་འདོན་ཐེངས་བཅུ་དགུ་བ་གསར་ཐོན་བྱུང་བ།

[ཟླ་ཚེས། 2019-02-08 21:36:48][རྩོམ་པ་པོ། ཆོས་འཁོར་དགེ་བཤེས་གཡུང་དྲུང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1549635318182928.png
1549635318117321.png
བགྲེས་པོའི་སྔོན་གླེང་ལོ་དུས་ཀྱི་རྔ་སྒྲ།

            བརྡ་འཕྲིན་དང་དྲ་རྒྱའི་དུས་རབས་སུ་བསྙད་པའི་ཁ་སང་དེ་རིང་གི་མི་རབས་ཚོར་ལག་པར་རེག་རྒྱུ་འབེལ། རྣ་བར་གོ་རྒྱུ་མང་། མིག་ལ་མཐོང་རྒྱུའང་དེ་བས་མོད་པས། ཡིད་སུན་ཅིང་རྣ་གཙེར་ཙམ་ལས་བཟོད་བདེ་བག་ཕེབས་ཤིག་ལར་ནས་མེད་པར་སྣང། མདོར་ན་དབང་པོའི་སྒོ་ལྔའང་བྲེལ་ཞིང་རྒོད་པའི་ངང་དཔལ་འབྱོར་བསྡུ་གསོག་རང་གལ་འགངས་ཆེ་ཤོས་སུ་བཟུང་སྟབས། ད་ནི་ཕ་སྐད་དང་ཡི་གེ། སྲོལ་རྒྱུན་དང་རིག་གཞུང་སོགས་ཕ་ཤུལ་བུས་འཛིན་དང་། དེ་བཞིན་མ་བུའི་བརྩེ་གདུང། མིང་སྲིང་མཛའ་མཐུན། གཉེན་ཉེའི་འབྲེལ་ལམ། རྒན་བཀུར་གཞོན་བྱམས་ཞེས་པ་རྣམས་ནི་ཉིན་རེ་ནས་མར་འབྲིད་བཞིན་པའི་དཀྱོགས་མཚམས་སུ་བསླེབས།

ཡུལ་གྱར་བའི་སྤྱི་ཚོགས་འདི་ནས་བསྐྱར་དུ་རྒྱལ་ཁབ་འདྲ་མིན་དུའང་སིལ་བུར་གྱར་བའི་སྐྱིད་སྡུག་དང་སྒྲིག་འཛུགས་སྣ་ཚོགས་ཁྲོད་ལོ་ཟླ་ཅི་རིགས་སུ་ལོ་དེབ་དང་ཟླ་དེབ་སོགས་དུས་དེབ་དང་ཚགས་ཤོག་གི་རིགས་རྣམས་གཅིག་མཇུག་གཉིས་མཐུད་ངང་འདོན་སྤེལ་གྱི་བང་རྩལ་ཕྱོགས་གང་སར་འགྲན་མུས་སུ་མཆིས། དེ་དག་ནི་རང་གི་ཤེས་ཡོན་དང་རིག་གཞུང་ལ་ཞེན་པ་དཀར་པོས་འུ་ཅག་གི་སྲོལ་རྒྱུན་དང་སྐད་ཡིག་རྣམས་འཛིན་སྐྱོང་སྤེལ་གསུམ་གྱིས་མཚོན་པའི་དམིགས་དོན་སྣ་ཚོགས་ཐོག་སྒྲུབ་བཞིན་པར་ངེས། དེ་ལྟར་ནའང་། དུས་དེབ་ཅིག་འདོན་ཞིང་སྤེལ་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་ནི་རྩོམ་ཡིག་འཚོལ་སྡུད་དང་དེ་དག་སྒྲིག་བཅོས་ཀྱི་རིམ་པ་གཉིས་སུ་མཆིས། དེས་ན་དང་མ་རྩོམ་ཡིག་གི་ཡོང་ཁུངས་རྣམས་ཚད་ལྡན་ཞིག་དགོས་པ་ནི་དོན་པོ་ཆེ་རུ་གཞིར་བཅས་དེ་མཚམས་ཀྱི་དོ་གལ་ཆེ་བ་ནི་རྩོམ་སྒྲིག་དག་བཅོས་སྤུས་དག་ཅིག་དགོས་པ་ནི་གནད་པོ་ཆེ་དེ་ཡིན་པར་སྨོས་སུ་བྲལ།

            འདིར་ཡང་ལོ་ལྟར་བསྒྲིགས་ཤིང་སྤེལ་བ་སྟེ། འབེལ་པོར་བཤད་པའི་གཏམ་ཚོགས་དེ་དག་ནི། མེས་པོའི་ཞབས་རྗེས་ལ་འགྲམ་ཆུ་སྡང་ཞིང་། ལྟོ་གོས་གཏམ་གསུམ་གྱི་དྲི་མས་མ་བསླད་པར་དགུན་གྱི་འཁྱགས་སྦྲེབས་དང་དབྱར་གྱི་ཚ་འབྲབ་ལ་གདོང་ལེན་ཐུབ་པའི་སློབ་གཉེར་བ་དག་གིས་མི་རིགས་འདིའི་སྲིད་འབྱོར་རིག་གསུམ་ལ་དུང་བ་བཅངས་ནས་བརྩམས་པ་ཤ་སྟག་ཏུ་ཁུམས།

            ཁོ་ཚོ་ནི་ཕྱི་བསླབ་གསུམ་ངུར་སྨྲིག་ཁྲིམས་ཀྱིས་བརྒྱན། ནང་བསྙེན་སྒྲུབ་ལས་གསུམ་གྱི་བསྐྱེད་རྫོགས་བརྟན། གསང་བའི་བློ་ཕུགས་ཡེ་ཉིད་ཕ་མཁར་ལ་བཅོལ་ནས། བོན་སྒོ་ཐེག་པ་རིམ་འཛེགས་ངང་རིག་ལམ་རྣམ་དཔྱོད་ཀྱི་ཁོ་ལག་ཡངས་པ་སྟེ། བསྡུས་རྟགས་རིག་ལམ་གྱི་ཐལ་ངག་རྣོ་ལ་གཞུང་ལུགས་པོད་ཆེན་གྱི་གོ་དོན་ཟབ། དཀར་ནག་རྩིས་རིག་གིས་འབྱུང་འགྱུར་དཔགས་ལ། བརྡ་དག་མངོན་བརྗོད་ཀྱི་སྒྲ་སྦྱོར་ལེགས། སྙན་ངག་དཔྱད་ལྷུག་གི་རྩོམ་རྩལ་མྱུར་བ་སྟེ་གནས་ལྔ་རིག་པའི་རྒྱགས་ཕྱེའི་གྲབས་ཀྱང་གཤོམ། ད་དུང་བསང་མཆོད་ཀླུ་གསོལ་གྱིས་སྣང་སྲིད་བཅོས་ལ། མོ་གཏོ་དཔྱད་གསུམ་གྱིས་སྤྱི་དམངས་སྐྱོང་། རྔུལ་ཚོན་ཐིག་རིས་ཀྱི་སྒྱུ་རྩལ་མཛེས། དཀྱིལ་འཁོར་ལྷ་ཚོགས་སོགས་འབྲི་བླུག་མཁས། བཅའ་བཀོད་བཞེངས་གསུམ་གྱི་ཕྱག་སྟབས་བདེ། གཤེན་འཆམ་གར་སྟབས་ཀྱི་སྒེག་འགྲོས་ལྡེམ། གྱེར་དབྱངས་གདངས་གསུམ་གྱི་ངག་རྟ་འཇེབས། འབུད་རྡུད་དཀྲོལ་གསུམ་གྱི་རོལ་མོ་སྙན་པའི་ཐོག གནའ་དེང་གི་དཔེ་ཚོགས་བསྔོགས་ནས་བསྟན་འབྱུང་ལོ་རྒྱུས་ཀྱི་ཕུགས་རྒྱང་འདེད་མུས་ཀྱི་ངང་ནས་གང་ལྟར་འདི་གའི་སློབ་གཉེར་པ་དག་གིས་འཆད་རའི་ཐལ་ངག་དང་བསྙེན་སྒྲུབ་འཕྲིན་ལས་ཀྱི་དབྱངས་རྟའི་བསེབ་ནས་སྨྱུག་གར་གྱུར་པའི་རྩོམ་རིག་སྣ་ཚོགས་དག་བསྡུས་སྤུངས་ཀྱིས་ལོ་དེབ་ཏུ་བསྐྲུན་དང་སྐྲུན་བཞིན་པ་འདིས་ཀྱང་མིའི་རིགས་ཀྱི་ཤེས་རིག་ལ་ཞབས་འདེགས་དང་ཞང་བོད་མེས་པོའི་སྐད་ཡིག་རིག་གཞུང་རྒྱུན་སྐྱོང་དུ་དམིགས་པ་ལགས།

            རྒྱུ་མཚན་དེ་དག་ལ་བརྟེན་འདི་ནས་ཤེས་རིག་གི་སྦྲང་རྩི་འཇོ་རྒྱུ་ཡོད་ལ། ཉམས་མྱོང་གི་ལེགས་ཆ་བཏུ་རྒྱུའང་ཡོད། འདི་ན་དགེ་རྒན་བཟང་པོའི་བསླབ་བྱ་ཡོད་ལ། སློབ་མ་གཡུང་པོའི་ལྷག་བསམ་ཡང་ཡོད། འདི་ན་ཞང་བོད་མེས་པོའི་ཞལ་ཆེམས་ཡོད་ལ། ལོ་རྒྱུས་མང་པོའི་བྱུང་རབས་ཀྱང་ཡོད། དེས་ན་འདི་དག་བཀླགས་ན་གོ་རྒྱུ་རྙེད་ལ། གྱེར་ན་ནང་དོན་ཟབ། མཉན་ན་ཚིག་སྦྱོར་འཇེབས། སྤྱད་ན་བློ་བསྐྱེད་ཐོབ་པར་ངེས་སོ། །

            དེས་ན་འདོན་ཐེངས་འདི་ཉིད་ལའང་རྒྱུན་ལྡན་ལྟར་འདིར་བཞུགས་རྩོམ་པ་པོ་དག་གིས་གཙོས་པའི་གསར་ཞུགས་སློབ་གཉེར་པ་རེ་ཟུང་དང་། ཕྱོགས་བཞུགས་རྩོམ་པ་པོ་རེ་འགའ་བཅས་ནས་ཀྱང་རྩོམ་ཡིག་ཞལ་འདེབས་ཀྱི་མཐུན་སྦྱོར་བཀའ་དྲིན་ཆེ་ཞིང་། དེ་མཚུངས་སུ་ངེད་བགྲེས་པོ་ཚང་གི་རྩོམ་སྒྲིག་ལས་རོགས་རྣམས་ཀྱིས་སློབ་པ་ལམ་ཞུགས་ཀྱི་བར་གསེང་ནས་ཀྱང་དུས་ཚོད་ཆེད་བཏང་མཛད་ནས་རྩོམ་ཡིག་སྒྲིག་སྦྱོར་དང་གནས་ཚུལ་བསྡུ་རུག་སོགས་ལ་ངལ་བ་འཁུར་ཏུ་བླངས་ཡོད་པས་ན་འདི་ནས་ཀྱང་བཀའ་དྲིན་སྙིང་ཐག་པ་ནས་ཆེ་ཞུའོ།། །།

གཙོ་སྒྲིག་པ་ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོས།

1549635319397312.png1549635319760027.png1549635318780811.png1549635319305955.png

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།