2019ལོའི«གསས་མཁར»ལོ་དེབ་གསར་ཐོན།

[ཟླ་ཚེས། 2019-01-28 12:26:30][རྩོམ་པ་པོ། འདི་གའི་རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20190128120555.jpg

སྔོན་གླེང་དྲུང་མུ་འཁྱིལ་བ།

      ད་ལྟའི་དུས་རབས་འདི་ནི་རྒྱལ་ཁབ་དང་མི་རིགས་ཚང་མས་བསམ་བློ་དཀྱེལ་ཡངས་གཞི་བཞག་ཐོག་རང་རང་གི་ཐུན་མིན་གྱི་རིག་གཞུང་དང་། སྐད་དང་ཡི་གེ་སོགས་ཕན་ཚུན་བློ་སྐྱེད་གོང་སྤེལ་གྱི་ཆེད་དུ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་པའི་དུས་རབས་ཤིག་ཏུ་གྱུར་ཡོད་སྟབས། ང་ཚོ་སྒང་བ་བོད་པ་རྣམས་ཀྱང་རྨོངས་གཉིད་ཀྱི་དྲྭ་བ་ལས་ཐོན་ཏེ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་མེས་པོ་བཀའ་དྲིན་ཅན་གྱིས་བཞག་པའི་ནོར་བུ་ལ་ནོར་གོ་ཆོད་པ་ཞིག་ཅིས་ནས་ཀྱང་བྱ་དགོས་པའི་དུས་ལ་བབས་ཡོད། འདི་ན་ང་ཚོས་ཀྱང་རང་རིགས་ལ་བརྩེ་བ་ཟབ་མོ་ཞིག་ཁུར་ནས་རྩོམ་སྒྲིག་ཚོགས་པ་ཞིག་བཙུགས་ཏེ་ལོ་དེབ་འདི་ཉིད་ལོ་བསྟར་འགྲེམ་སྤེལ་གནང་བཞིན་ཡོད། དེ་ཡང་ཐོག་མར་རྟེན་འབྲེལ་གྱི་སྒོ་དུ་མ་ཞིག་ལ་དམིགས་ནས་ལོ་དེབ་འདིར་མཚན་ནི་འགྲོ་བ་ལྷ་དང་བཅས་པས་བསྔགས་འོས་སུ་གྱུར་བ་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་གནང་དགོས་ཞེས་བཀའ་འདྲི་ཞུས། རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་བརྩེ་ཆེན་པོས་༼གསས་མཁར༽ཞེས་བསྩལ་བས་རྟེན་འབྲེལ་གྱི་སྒོ་འཕར་ཀུན་ཏུ་ཕྱེས།

  དེ་ཡང་གསས་མཁར་ཞེས་པའི་ཐ་སྙད་འདི་ནི་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཟབ་མོ་ཞིག་ཡིན། བོན་གྱི་ལོ་དེབ་ཅིག་ཡིན་ན། བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་ཀྱང་བོན་གྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་དང་བརྡ་ཆད་ཀྱི་ར་བ་ལས་མ་བརྒལ་བ་ཞིག་ངེས་པར་དུ་དགོས་སྙམ། དེ་ཡང་༼གསས་མཁར༽ཞེས་པའི་ཆེས་རྙིང་བའི་བརྡ་ཆད་འདི་ལ་གོ་བ་ཞིག་བླངས་ན་ཞང་སྐད་དུ་༼གསས༽ནི་ལྷ་ཡི་མིང་དང་༼མཁར༽ནི་ས་རྡོ་བརྩིགས་པའི་གྱང་ཅན་གྱི་ཁང་བའི་མིང་སྟེ། དོན་དུ་ལྷ་མཁར་ལ་གོ་བ་རེད། བོན་གྱི་ཆེས་རྙིང་བའི་དཔེ་ཆ་དང་ལྷག་དོན་གསང་སྔགས་སྐོར་གྱི་དཔེ་ཆ་ལ་ལྟ་རྟོག་བྱེད་ཚེ་༼གསས་མཁར༽གྱི་གོ་བ་འདི་ནི་ཤིན་ཏུ་གོ་དཀའ་བའི་ལོ་རྒྱུས་ཀྱི་སྒྲོམ་བུ་ཆེན་པོ་ཞིག་རེད། གནའ་བོའི་བོན་གྱི་བརྡ་རྙིང་འདིའི་དཔེ་མཚོན་ཙམ་མཚན་གཞིར་བཀོད་ན། ༼གསས་མཁར་སུམ་བརྒྱ་དྲུག་ཅུ༽༼གསས་མཁར་སྒོ་དགུ༽༼གསས་མཁར་རིན་པོ་ཆེ་བདུན༽༼གསས་མཁར་མཆོག་ལྔ༽༼གསས་ཆེན་རུ་བཞི༽  ༼གསས་མདའ་དགུ༽  ༼གསས་དམག༽  ༼གསས་གཟའ་ངང་དྲུག༽  ༼གསས་ཡུལ༽  ༼གསས་ཁང༽  ༼གསས་གཞི༽  ༼དབལ་གསས༽  ༼གར་གསས༽  ༼འཐོར་གསས༽ ༼བདར་གསས༽  ༼ལྷ་གསས༽  ༼གསས་མོས་སྨྲ༽  ༼གསས་མོ༽  ཞེས་དེ་ལྟ་བུའི་གསས་མཁར་རིག་གནས་ནི་ཤིན་ཏུ་ཟབ་ཅིང་བརླིང་བ་ཞིག་ཡིན་ནོ།། མཚམས་འདི་ནས་ཤེས་དགོས་པ་ནི། ང་ཚོ་ཚང་མས་འཆར་ཅན་གྱི་ལོ་བསྟར་ལོ་དེབ་རེ་འགྲེམ་སྤེལ་བྱས་དང་བྱེད་བཞིན་པ་འདི་ནི་ཡང་སྙིང་ཅི་ཞིག་གི་ཆེད་དུ་ཡིན་པར་ཧ་གོ་དགོས། དེ་མིན་ཕན་ཚུན་གཅིག་ལས་གཅིག་ལྷག་འགྲན་སེམས་ཀྱི་དྲི་མས་སླད་པ་ཙམ་ཡིན་ན་དགོས་པ་ཆེར་མ་མཐོང་། དེ་བས་ཤེས་བྱའི་དྲང་བདེན་འཚོལ་བའི་ལམ་བུར་དམིགས་ཏེ་འདི་གའི་༧མདོ་སྨད་ཟིང་ཆུ་སྐྱང་ཚང་དགོན་གྱི་༼གསས་མཁར༽རྩོམ་སྒྲིག་ཁང་ནས་གདོང་དམར་བོད་ཀྱི་བླ་སྲོག་གཡུང་དྲུང་བོན་གྱི་བསྟན་པའི་རྣམ་བཤད་དང་། གཞུང་ལུགས། ལོ་རྒྱུས་སོགས་ཀྱི་ཉིང་ཁུ་དག་ཕྱོགས་བསྡུས་བྱས་ཏེ་ངོ་སྤྲོད་དུ་གསས་མཁར་རྩོམ་སྒྲིག་ཁང་ནས་ལོ་བསྟར་འདོན་སྤེལ་ཞུས་དང་ཞུ་མུས་སུ་ཡོད། ད་ལམ་འདོན་ཐེངས་ལྔ་བ་འདི་ལ་ཡང་དཔྱད་ཞིབ་ཀྱི་ཁུངས་བརྟན་ཞིང་། གཞུང་ལུགས་ཀྱི་གནད་ཐག་བཅད་པ། རྩོམ་རིག་གི་སྨྱུག་ཁ་རྣོ་བའི་མཁས་པ་དག་གི་རྩོམ་ཡིག་སྤེལ་ཡོད། དེ་དག་གིས་མི་རབས་གསར་བ་རྣམས་དང་རྒྱལ་སྤྱིའི་ཞང་བོད་ཞིབ་དཔྱོད་པ་རྣམ་པར་ངོ་སྤྲོད་ཚད་ལྡན་ཞིག་གནང་ཐུབ་པར་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད།  མ་ཟད་དེང་རབས་བོད་ཀྱི་གཞོན་སྐྱེས་གསར་བ་དག་ལ་བློ་སྐྱེད་རྣལ་མ་ཞིག་དང་ཉམས་མྱོང་ཕུན་ཚོགས་ཤིག་སྤྲོད་ཕྱིར་དུ་ཁོ་ཚོའི་རྩོམ་ཡིག་བཅད་ལྷུགས་ཁག་ཅིག་ཀྱང་བཀོད་པ་ཡིན། ལོ་དེབ་འདི་ནི་སྔར་གྱི་སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང་དང་། གནའ་དེང་གི་ལོ་རྒྱུས་དཀའ་ཉོག་རྣམས་ཞིབ་འཇུག་གི་རིག་པས་བཀྲོལ་ཏེ་ཞང་བོད་ཀྱི་རིག་གནས་འདི་ལ་ཞབས་ཏོག་བླ་ན་མེད་པ་ཞིག་སྐྲུན་པའི་ཚོམས་ཤིག་ཏུ་འདོད་དོ།། དེང་སང་རྒྱལ་སྤྱིའི་མཁའ་དབྱིངས་ན་ཀླུང་རྟ་བཞིན་འཕུར་བའི་སྙན་པ་ཅན་དེ་ནི་ཞང་བོད་ཀྱི་ཤེས་རིག་ཡིན་ལ། འདིའི་མགོ་ཁུངས་ཀྱི་ཐོག་མར་སྐྲུན་མཁན་དེ་ནི་མེས་པོ་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན། ཁོང་གིས་མཐའ་ཡས་པའི་ནམ་མཁའ་དང་གཏིང་མི་དཔོག་པའི་རྒྱ་མཚོ་ལས་ཟབ་པའི་ཡི་གེ་མང་པོ་ཞིག་གསུངས། གསུངས་པའི་བོན་དག་ཀྱང་གླིང་ཆེན་དང་གླིང་ཕྲན་ཀུན་ཏུ་བརྒྱུད་དེ་དར་ནས་ད་བར་མི་རིགས་འདིའི་ཁྲག་རྒྱུན་ལ་སིམ་ནས་ཡོད། དེ་ལྟ་ན་ཡང་། དུས་རབས་ཐོག་མཐའ་བར་གསུམ་རྣམས་སུ་འོད་སྟོང་འབར་བའི་མེས་པོའི་རིག་གནས་འདི་ལ་ཕྲག་དོག་གི་སད་སེར་བབས་ནས་གཡུར་དུ་ཟ་བའི་འབྲས་བུ་ཞིག་སྨིན་དུ་མ་བཅུག་པར་བྱས། ཁུངས་མེད་བྱུང་རྒྱལ་གྱི་གཏམ་འབའ་ཞིག་གིས་ཚོན་རྫས་འདྲ་མིན་བྱུགས་ཏེ་རིག་གནས་དངས་མའི་རང་མདངས་ངོ་མ་དེ་མཐོང་དཀའ་བའི་གནས་སུ་ཕུལ། དེང་གི་ཆར་ཡང་། ཕྱོགས་འཛིན་གདོན་གྱིས་བརླམས་པ་སྐོར་ཞིག་གིས་བརླང་ཚིག་མདའ་མདུང་གྲི་གསུམ་གྱིས་རྒོལ་ཡང་རྒྱལ་སྤྱིའི་དྲན་དབང་དུ་མ་དང་མཁས་པ་མང་པོས་ཞིབ་འཇུག་གི་སྐྱ་རེངས་ཀྱིས་རིམ་དང་རིམ་གྱིས་འོད་སྟོང་འབར་བའི་གཡུང་དྲུང་བོན་གྱི་སྣང་བ་འདྲེན་བཞིན་པའི་སྒང་ལ། ནག་ཕྱོགས་མིག་སེར་ཅན་དག་བྱོལ་བའི་གནས་མ་མཆིས་ཀྱང་གཡོ་སྒྱུའི་གཤོག་པ་ཐོགས་ཏེ་འཕུར་ལ་བྲེལ་བཞིན་བདོག། སླར་ཡང་ཞང་བོད་ལོ་རྒྱུས་ཀྱི་སྡོང་པོའི་སྲོག་དབུགས་རྒྱས་ཤིང་དངོས་བདེན་ཡལ་ག་ལོ་འདབ་དང་གྲུབ་འབྲས་མེ་ཏོག་བཅས་རྒྱས་ནས་ཀུན་ཀྱི་རྒྱན་དུ་འགྱུར་ངེས་སོ།། མ་འོངས་པའི་ཆར་ལོ་དེབ་འདི་ཉིད་འཐུས་སྒོ་ཇེ་ཚང་དང་ཕྱི་ནང་གི་སྤུས་ག་ཇེ་ལེགས་སུ་ཡོང་ཕྱིར་རྒྱལ་ཕྱི་ནང་གི་རྩོམ་པ་པོ་སུ་ཡིན་ཡང་རང་གི་རིག་གནས་འདི་ལ་ཐུགས་ཁུར་ཡངས་པོ་བསྣམས་ཏེ་གཟུར་གནས་ཡོ་བསྲང་སོགས་ཀྱི་རྒྱབ་སྐྱོར་ཡོད་པར་དགའ་བསུ་ཞུ་བ་དང་། ད་ལན་འདིར་བཀོད་པའི་རྩོམ་ཡིག་རྣམས་ང་ཚོ་རྩོམ་སྒྲིག་པས་ནུས་པ་གང་ཡོད་རྩལ་དུ་བཏོན་ནས་ཞུ་དག་དང་སྒྲིག་སྦྱོར་སོགས་ལ་འབད་ཀྱང་། ཉམས་མྱོང་དང་ཤེས་རིག་དམའ་བ་སོགས་ཀྱི་རྐྱེན་གྱིས་ལོ་དེབ་འདིའི་ཕྱོགས་གང་ཐད་ལ་ནོར་འཁྲུལ་ཞིག་ཅིས་ཀྱང་བྱུང་ངེས་ཡོད་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བཟོད་གསོལ་དགོངས་སེལ་ཞུ་བའོ།། །།

ཞེས་རྩོམ་སྒྲིག་པས་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་སྦྱར།

前言222-3.jpg前言222-4.jpg

前言222-5.jpg前言222-6.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།