ཕྱེ་གཞུང་བཟོད་པའི«ཡིག་གཟུགས་ཀྱི་མ་ཕྱི་བྱེའུ་རྩེན་པའི་འདབ་སྟེགས»པར་དུ་བསྐྲུན་འདུག

[ཟླ་ཚེས། 2018-09-18 10:37:18][རྩོམ་པ་པོ། ཕྱེ་གཞུང་བཟོད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

8855-1.jpg

དཔེ་སྐྲུན་གསལ་བཤད།

       བྲིས་ཀྱི་ཕྱག་རྒྱུན་རིང་མོ་ཆེས་ཆེར་དར་བའི་དགའ་འོས་ཀྱི་འོད་སྣང་གསར་དུ་འཕྲོ་བའི་འོག    རྒྱལ་ཕྱི་ནང་གི་ཡིག་མཁན་དག་གིས་ནི་གསོན་ཉམས་ལྡན་པའི་མཛུབ་རིས་ཀྱི་ལྟད་མོ་དག་འཛམ་གླིང་ཧྲིལ་བོར་མངོན་བཞིན་དུ་ཡོད་ལ། སོར་རྩལ་གྱི་ལས་ལ་དགའ་མཁན་རྣམས་ཀྱིས་ཞང་བོད་ཡིག་རིགས་འབྲི་རྩལ་རྒྱུན་འཛིན་བྱས་ཐོག་གོང་འཕེལ་དུའང་གཏོང་གིན་ཡོད་པ་རེད།

       འཇིག་རྟེན་ན་མིག་གི་བདུད་རྩི་ལ་མི་དགའ་མཁན་གཅིག་ཀྱང་མེད་ཟེར་བའི་དཔེ་ལྟར་ཡིག་མཁན་ཕྱེ་གཞུང་བཟོད་པས་རྒྱལ་རོང་བཤད་སྒྲུབ་སློབ་གླིང་འཛུགས་སྐྲུན་བྱེད་པོ་ལི་ཤུ་བླ་མ་མཆོག་དང་དཔོན་སློབ་རིན་པོ་ཆེ་སྒོ་རིགས་ཤེས་རབ་གྲགས་པ་རྣམ་གཉིས་ལ་རེ་སྐུལ་ཞུ་ཞིང་ཡིག་གཟུགས་ལ་དགའ་བོ་ཡོད་རིགས་རྣམ་པར་ཡིག་གཟུགས་སྣ་ཚོགས་ཀྱི་མ་དཔེ«འཕྲུལ་ཡིག་དུ་མའི་མ་ཕྱི་ཕྱོགས་གཅིག་ཏུ་སྤེལ་བ་བྱེའུ་རྩེན་པའི་འདབ་སྟེགས»ཞེས་པ་ཆེད་དུ་བྲིས་ནས་ཡིག་གཟུགས་འབྲི་རྩལ་དར་སྤེལ་གྱི་བྱ་བར་འབད་པ་སྒོས་ཅུང་ལྟ་རིན་དང་སྤྱོད་རིན་ཡོད་པའི་ཡིག་གཟུགས་པིར་རྩལ་གྱི་མ་དཔེ་འདི་བདེ་བླག་ངང་གྲུབ་པ་དང་བྲིས་གཟུགས་འདིར་རང་གཞན་གཉིས་ཀྱིས་མཐོང་ཧ་ཅང་ཆེན་པོ་གནང་བར་གཞིགས་ཏེ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པའི་ང་ཚོ་ཕྱི་རབས་ཡི་གེ་བ་དག་གི་བྲིས་གཟུགས་ཀྱི་རྨོངས་པ་སེལ་རྒྱུ་དང་བྲིས་པ་ཁྱབ་གདལ་དུ་གཏང་རྒྱུའི་དགོས་མཁོ་སྐོང་ཐབས་སུ་འདི་ག་རྒྱལ་རོང་བཤད་སྒྲུབ་སློབ་གླིང་ནས་ཇུས་སྒྲིག་ལེགས་པོར་བྱས་ཏེ་པར་དུ་བསྐྲུན་པ་ཡིན།

        དེ་སྔ་སློབ་གླིང་གིས་ཡིག་གཟུགས་ཀྱི་མ་ཕྱི་འདི་འདྲ་དཔེ་སྐྲུན་བྱས་མྱོང་མེད་པས། སྐྱོན་དང་ནོར་འཁྲུལ་འབྱུང་ངེས་ཡིན་གཤིས། སླད་ཕྱིན་ལེགས་བཅོས་གཏོང་ཕྱིར་ཡིག་མཁན་རྣམས་ཀྱིས་རིན་བྲལ་བཀའ་སློབ་དང་འབྲེལ་དགོངས་འཆར་ལྷུག་པོར་སྩོལ་རོགས་ཞུ།

        ཞེས་ས་ཁའི་བློ་ལྡན་དུ་འབོད་པས་རྒྱལ་རོང་བཤད་སྒྲུབ་སློབ་གླིང་ནས་སྟོན་ཟླ་ར་བའི་བོད་ཚེས༢༡ཉིན་བྲིས་པ་དགེའོ།།

99-1.jpg

99-2.jpg

99-3.jpg

99-4.jpg

99-5.jpg

99-6.jpg

99-7.jpg

99-8.jpg

མཇུག་གཏམ།

       བྲིས་གཟུགས་སློབ་གསོའི་ལས་དོན་མཐའ་འཁྱོངས་ཡོང་ཆེད་དང་སྐྱ་སེར་ཕོ་མོ་རྣམས་བྲིས་ཀྱི་ལག་རྩལ་ནང་བྱན་ཆུད་པའི་ཕྱིར་དུ«འཕྲུལ་ཡིག་དུ་མའི་མ་ཕྱི་ཕྱོགས་གཅིག་ཏུ་སྤེལ་བ་བྱེའུ་རྩེན་པའི་འདབ་སྟེགས»ཞེས་པ་སྤྱན་གཟིགས་སུ་སྟབས་བདེར་བསྐྲུན་ཡོད་ལ། སྒོས་སུ་ཁུངས་ལྡན་ཡིག་རྒྱུན་དག་ལ་གཞིར་བྱས་ཏེ་བྲིས་ཡོད་པས་སྣ་མང་མཛུབ་རིས་མཁྱེན་འདོད་མཁན་དག་ལ་དེ་བས་ཀྱང་སྟབས་བདེ་རུ་བཟོས་ཡོད།

       ཡིག་གཟུགས་འབྲི་བ་ནི་སོར་རྩལ་གྱི་ལྟད་མོ་ཁོ་ན་མངོན་པའི་དོན་མ་ཡིན་པར་སྔོན་སྲོལ་གྱི་ཡིག་གཟུགས་འབྲི་སྟངས་ཁག་རྒྱུན་འཛིན་དང་ཡིག་གཟུགས་སྦྱོང་བའི་སེམས་ཤུགས་ཡར་རྒྱས་འོང་བའི་དགོས་པ་ཡིན་པར་མ་ཟད། ཚན་རིག་དང་མཐུན་ཐབས་སུ་དམིགས་ཏེ་དམའ་རིམ་ནས་མཐོ་རིམ་དུ་བགྲོད་པའི་འཆར་གཞི་ཡོངས་འགྲུབ་ཀྱི་སེམས་བསྐྱེད་ཡང་དག་པ་མཐར་ཕྱིན་པའི་དགོས་དབང་ཡང་ཡིན་ནོ།།

       སྟོན་པའི་ཞལ་སྔ་ནས། བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་།། མ་འོངས་འགྲོ་བ་ཐར་པར་འདྲེན་པའི་ཕྱིར།། གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་།། དེ་ཚེ་ང་ནི་མི་འབྱོན་ཡི་གེ་འབྱོན།། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར།། འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་སྟི་གྱིས།། ཞེས་གསུངས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་སྣང་བ་གཟུགས་ཀྱི་ཡི་གེ་ལ་དོ་སྣང་མཛད་ན་ཤེས་རིག་གི་རྟེན་ཕུར་དུ་ངེས་པ་སྟེ།ད་ལྟ་མཇལ་དུ་ཡོད་པའི་རྒྱལ་བའི་བཀའ་རིན་པོ་ཆེ་ཡང་ཡིག་འབྲུ་རེ་རེའི་སྨྱུག་ཁ་ནས་བཙས་ཤིང་ཆ་ཚང་བའི་གསུང་རབ་ཤ་སྟག་ཡིན་པས་ཤེས་ལ་ཁྱད་པར་དུ་དུས་རབས་ཉེར་གཅིག་པའི་ཉག་མ་བཅུ་བདུན་པ་ནས་བོད་ཡུལ་ན་ཡིག་གཟུགས་སྤེལ་རེས་ཀྱི་མཁའ་དབུགས་གསར་བ་ཞིག་ཆགས་ཏེ་གང་ལ་གང་འཚམ་གྱིས་སློབ་སྦྱོང་བྱ་བའི་རླབས་རྒྱུན་དྲག་ཏུ་འཕྱོ་བཞིན་བདོག་པ་ནི་མི་རིགས་ཤིག་གི་ཤེས་རིག་ལ་གསོན་ཉམས་རྒྱས་པའི་མངོན་རྟགས་སམ་ཡིག་གཟུགས་ཀྱི་འཕྲིན་ལས་དར་འཕེལ་བྱུང་བའི་སྔ་ལྟས་ཡིན་པའི་རྒྱུ་མཚན་གྱིས་ཁོ་བོས་ཀྱང་ཡིག་མཁན་སྔ་མ་དག་གི་རྗེས་སུ་འབྲངས་ཏེ་མ་ཕྱི་འདི་བྲེལ་རྟབ་ཀྱིས་བྲིས་པ་དང་བྲིས་ནས་རྫོགས་མ་ཐག་ཁྲོ་སྐྱབས་བླ་མ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་མཆོག་གིས་དགེ་སེམས་ཀྱི་ཐད་ནས་དམངས་སྐོར་ཁྲི་ཚོ་གསུམ་ལྷག་བཏང་སྟེ་པར་བསྐྲུན་བྱས་པ་ཡིན་ལ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དཔེ་མཛོད་ཁང་ནས་བདག་གཉེར་འགྲེམས་སྤེལ་གནང་ཡོད་པ་རེད།

        སླར་ཡང་ཞུ་དགོས་པ་ཞིག་ལ་ཡིག་གཟུགས་ཀྱི་མ་དཔེ་འདི་ནི་བོན་གྱི་དགོན་སྡེའི་སློབ་གསོའི་ཁྲོད་རིག་གནས་ཆེད་སྦྱོང་གི་དགའ་ཚལ་ཏེ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་དབུ་བཙུགས་ནས་མི་ལོ་ལྔ་འཁོར་བའི་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་ཕུལ་བ་ཡིན་པས་མཁྱེན་རྒྱ་ཡངས་པའི་ཡིག་མཁན་ཆེན་མོ་རྣམ་པ་དང་ཡིག་གཟུགས་སློབ་གཉེར་བ་ཚོའི་ཐུགས་དགོངས་དགྱེས་པའི་སྨོན་འདུན་དང་བཅས།       

ཕྱེ་གཞུང་བཟོད་པས། 2018/9/5/ ཉིན་ཆབ་ཆ་རུ།

8855-3.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།