2018ལོའི«རྒྱལ་མོ་རྔུལ་ཆུ»འདོན་ཐེངས་བཞི་པ།

[ཟླ་ཚེས། 2018-05-11 18:01:21][རྩོམ་པ་པོ། རྩོམ་སྒྲིག་ཚོ་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

55555.jpg

ཀློག་པ་པོ་རྣམས་ལ་སྤྲིངས་པའི་ཞུ་མཆིད།

-- གཡུང་དྲུང་བོན་གྱི་བཤད་སྒྲུབ་སློང་གླིང་ཁག་ལ་ཆེད་དུ་བཏོན་པའི་རེ་བ་ཉག་གཅིག

དགོན་སྡེའི་སློབ་གསོའི་ཁོར་ཡུག་གིས་བསྐྱེད་པའི་སྦྱངས་རྩོམ་ཆེད་བསྒྲིགས་ཐོག་མ«རྒྱལ་མོ་རྔུལ་ཆུ»དེབ་གཟུགས་འདི་ནི། ཡུལ་རོང་བཞི་ཤོད་ཆེན་བཅོ་བརྒྱད་ཀྱི་སའི་སྙིང་པོ་ཉམས་དགའ་བ། ཆུ་ཆེན་ལྗོངས་ཀྱི་བསྟི་གནས་ཕུན་སུམ་འཚོགས་པ། ཁྲོ་སྐྱབས་མཚོ་སྟེང་དགོན་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གིས་བོད་རབ་རྒྱན་ས་ཕོ་ཁྱི་ལོ་སྟེ་སྟོང་ལོ་བཅོ་བརྒྱད་ལོར་གཙོ་སྒྲིག་གནང་བའི་ཚོད་ལྟའི་སྦྱངས་རྩོམ་གྱི་དེབ་ཕྲེང་བཞི་པ་དེ་ཡིན་ལ།  ཐེངས་འདིར་སྦྱངས་རྩོམ་སྡུད་བསྐུར་གྱི་བྱ་བར་ཐུགས་སྐྱོང་དང་རྒྱབ་སྐྱོར་གནང་མཁན་གྱི་སློབ་གླིང་ཁག་ནི། གདན་ས་གཤེན་བསྟན་སྨན་རིའི་གླིང་བཤད་སྒྲུབ་འདུས་སྡེ་དང་གདན་ས་གཡུང་དྲུང་གླིང་བཤད་སྒྲུབ་འདུས་སྡེ། ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་སློབ་གླིང་། རྩེ་དྲུག་དགོན་བཤད་སྒྲུབ་སློབ་གླིང་། སྤ་ཚང་དགོན་བཤད་སྒྲུབ་འདུས་སྡེ། ཁྱུང་པོ་སྟེང་ཆེན་དགོན་བཤད་སྒྲུབ་སྒོམ་པའི་སློབ་གླིང་། ལུང་དཀར་དགོན་བཤད་གྲྭ། མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་ལྔ་རིག་སློབ་གླིང་། ཀོ་རྒྱལ་དགོན་ཞྭ་དཀར་གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་ཆེན། རྒྱལ་རོང་བཤད་སྒྲུབ་སློབ་གླིང་སོགས་ཡིན་པ་དང་། དེར་མ་ཟད་རང་རེའི་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གསར་འཛུགས་བྱེད་པོ་རྒྱལ་རོང་སྐྱབས་རྗེ་ལི་ཤུ་སྤྲུལ་སྐུ་ཚང་དང་དཔོན་སློབ་ཤེས་རབ་གྲགས་པ་ལགས། ཚོགས་གཙོ་དམུ་རིགས་བསྟན་འཛིན་དབང་གྲགས། ཚོགས་གཞོན་ས་ཁའི་བློ་ལྡན། རྒན་ཆེན་མོ་དགེ་བཤེས་བསྟན་འཛིན་ནོར་བུ་བཅས་ཡིན་ཞིང་། ཐ་སྙད་པ་ས་ཁའི་བློ་ལྡན་ལགས་ཀྱིས་ཞུ་གཏུག་གཏན་འབེབས་གནང་།

227500306701321260_爱奇艺.jpg

མ་འོངས་དུས་ཀྱི་ཆ་ལ་ཡང་ཤར་རྫའི་བཤད་སྒྲུབ་སློབ་གླིང་གཙོར་བཅས་སྣང་ཞིག་དགོན་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་། རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་། རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་སློབ་གླིང་།  རྫ་ཁྲོ་ཚངས་དགོན་ནང་བསྟན་ལྔ་རིག་སློབ་གླིང་།  རྒྱལ་རོང་ལྔ་རིག་ཆེས་མཐོའི་སློབ་གླིང་། ཆབ་མདོ་དགོན་བཤད་སྒྲུབ་གླིང་། ཤར་སྐྱང་ཚང་དགོན་བཤད་སྒྲུབ་སློབ་གླིང་། ཁྲོམ་ཚང་དགོན་བཤད་སྒྲུབ་སློབ་གླིང་། རྩེ་དབུས་དགོན་གཡས་རུའི་ཆེས་མཐོའི་སློབ་གླིང་། ལུང་དཀར་དགོན་བཤད་སྒྲུབ་སློབ་གླིང་། སྤུ་བླ་དགོན་བཤད་སྒྲུབ་སློབ་གླིང་། ཁྱུང་མོ་དགོན་བཤད་སྒྲུབ་སློབ་གླིང་། གཡུང་དྲུང་དཔལ་རི་དགོན་བཤད་སྒྲུབ་སློབ་གླིང་། དྭངས་ར་གཡུ་བུན་དགོན་བཤད་སྒྲུབ་སློབ་གླིང་། ཀླུ་ཕུག་དགོན་བཤད་སྒྲུབ་སློབ་གླིང་། རི་ཁྲོད་དགོན་བཤད་སྒྲུབ་སློབ་གླིང་། ཐོབ་རྒྱལ་གསར་བའི་བཙུན་དགོན་རཏྣ་སྨན་གླིང་།  བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་། གཞིས་རིང་དགོན་བྱམས་བརྩེ་སློབ་གྲྭ། བོན་བརྒྱ་དགོན་ལྔ་རིག་གཞུང་ཆེན་སློབ་གླིང་། བླ་ཁྲི་གཡུ་རིའི་བཤད་གྲྭའི་སློབ་གླིང་། ཡེ་ཤེས་དགོན་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་། ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་སོགས་ལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དག་གིས་རང་སློབ་རྣམས་ལ་རྩོམ་བསྐུལ་སྡུད་སྤྲིངས་ཡོད་པའི་རེ་བ་སྙིང་ནས་ཞུ།

མཚམས་འདིར་སྦྱངས་རྩོམ་ཆེད་བསྒྲིགས«རྒྱལ་མོ་རྔུལ་ཆུ»ཡི་དཀར་ཆག་སྒྲིག་སྟངས་ཀྱི་ཐད་ནས་གསལ་འདེབས་ཞུ་དགོས་པ་ཞིག་ལ།«རྒྱལ་མོ་རྔུལ་ཆུ»ཡི་དཀར་ཆག་གི་གོ་རིམ་དེ་ཡང་གདན་ས་ཆེ་ཆུང་དང་ཐུགས་མཐུན་ངོ་འཛིན་སོགས་དབང་བཙན་པར་མ་བྱས་པར། དེབ་ཕྲེང་དང་པོ་དང་གཉིས་པ། གསུམ་པའི་ནང་ལྟར་སློབ་གླིང་སོ་སོའི་རྩོམ་འབྱོར་སྔ་འཕྱི་ལ་གཞིགས་ཏེ་སྟར་ཆགས་སུ་བསྒྲིགས་པ་ཡིན་པས་ལྷན་རྒྱས་ནས་ཐུགས་འཇགས་དགོངས་འཁྲོལ་ཡོད་པར་ཞུ་རྒྱུ་དང་། ཐེངས་འདིའི་རྩོམ་ཡིག་ཞུ་སྒྲིག་གི་ཁྲོད་དུ་ང་ཚོས་རང་གིས་གོ་ལོག་ལྟར་བཅོས་ནོར་བརྒྱབ་སྟེ་གྲྭ་གཞོན་རྩོམ་པ་པོ་རྣམ་པར་ཐུགས་ངལ་ཆེན་པོ་བྱས་ཡོད་པའི་ཆ་དང་། གསར་རྩོམ་གྱི་ལམ་ཁར་སྙེག་པ་ཚོར་ཕན་པ་ལས་ལྡོག་སྟེ་སྙན་ཆ་ལོག་སྟེར་བྱེད་པའི་ཉེན་ཁའི་ཕྱོགས་གང་མཆིས་པ་ལ་མཁྱེན་ལྡན་གྱི་དཔོན་སློབ་དང་ལྔ་རིག་མཁས་པའི་དེད་དཔོན་དག་གི་སྤྱན་སྔ་ནས་སྐྱོན་བརྗོད་དགོངས་འཆར་ལྷུགས་སྩོལ་གནང་རྒྱུའི་རེ་བ་དང་བཅས།

བོད་ས་ཕོ་ཁྱི་ལོའི་ཧོར་ཟླ་གསུམ་པའི་ཚེས་ཉི་ཤུ་པར།

«རྒྱལ་མོ་རྔུལ་ཆུ»རྩོམ་སྒྲིག་ཚོ་ཆུང་གིས།

 前言与目录-1.jpg前言与目录-5.jpg

前言与目录-6.jpg前言与目录-7.jpg

前言与目录-8.jpg前言与目录-9.jpg

བོན་གྱི་བཤད་སྒྲུབ་སློབ་གླིང་ཁག་ལ་བཏོན་པའི་རྩོམ་བསྡུའི་བརྡ་ཐོ།

«རྒྱལ་མོ་རྔུལ་ཆུ»རྩོམ་སྒྲིག་པས།

རྒྱལ་ཕྱི་ནང་གི་བོན་གྱི་བཤད་སྒྲུབ་སློབ་གླིང་ཁག་ན་བཞུགས་པའི་བློ་གསར་དད་བརྩོན་ཅན་གྱི་སྙུག་ཐོགས་མཁན་རྣམ་པ་ལགས། ཁྱེད་ཅག་གིས་ང་ཚོ་ཐུན་མོང་ལ་དབང་བའི་གྲྭ་གཞོན་སྦྱངས་རྩོམ་ཆེད་བསྒྲིགས་ཀྱི་ལོ་དེབ་སྔ་གྲས«རྒྱལ་མོ་རྔུལ་ཆུ»ཡི་སྟེང་དུ་ཕྱག་རྩོམ་གྱི་རིགས་ཅི་ཡོད་གཤམ་གྱི་གློག་རྡུལ་ཡིག་ཟམ་གྱི་ཁ་བྱང་ལྟར་དུ་ཧི་གཟུགས་ཀྱི་ཡིག་གཟུགས་སུ་གཏག་ནས«རྒྱལ་མོ་རྔུལ་ཆུ»རྩོམ་སྒྲིག་ཁང་ལ་བསྐུར་གནང་མཛད་རྒྱུ་འམ། འབྲེལ་གནས་ཀྱི་ཁ་པར་དུ་འཕྲིན་ཡིག་གི་ལམ་ནས་བསྐུར་དགོས་རྒྱུ་དང་། ཡང་ན་རང་རང་སོ་སོའི་སློབ་གླིང་གི་རྐང་འཛིན་སློབ་སྟོན་པའི་ཕྱག་ཏུ་ངེས་འཕྲོད་བྱ་བར་ཐུགས་འཇགས་དགོངས་རྒྱུ་བཅས་ཐེངས་འདིའི་རྩོམ་སྒྲིག་པས་རེ་འདུན་ལྔ་ཞུ་བར་བྱ་སྟེ།

 ༡  ༽  སློབ་གླིང་སོ་སོར་བཞུགས་ཡོད་པའི་དགེ་རྒན་ཆེན་མོ་བ་རྣམ་པས་ཐུགས་ཀྱི་བུ་སློབ་དག་ལ་རྩོམ་བསྐུལ་བྱས་ཏེ་རང་གཞན་གཉིས་ཀར་ཕན་སེམས་བསྐྱང་རྒྱུའི་རེ་བ་དང་།

༢  ༽ སློབ་ཞུགས་ཀྱི་གྲྭ་གཞོན་བསམ་བློ་བ་ལྷན་རྒྱས་ནས་ཀྱང་ལུས་མི་འདྲ་བའི་ཕྱག་རྩོམ་གྱི་རིགས་ཅི་ཡོད་འདི་གར་ལྷུགས་སྩོལ་གནང་རྒྱུའི་རེ་བ་དང་།

 ༣  ༽  དགོན་སྡེའི་སྦྱངས་རྩོམ་ཆེད་བསྒྲིགས་ཀྱི་ཞིང་ས་ལྟ་བུའི«རྒྱལ་མོ་རྔུལ་ཆུ»ནི་ཐུན་མོང་གི་ཆུ་བོ་ཞིག་ཡིན་པའི་འདུ་ཤེས་བཟུང་བའི་སྒོ་ནས་སློབ་གླིང་སོ་སོ་ཡིས་ཕྱག་རྩོམ་བཅུ་ལས་མི་ཉུང་བ་བསྐུར་བའི་རེ་འདུན་དང་།

༤  ༽  མ་འོངས་དུས་ཀྱི་བོད་ཤིང་ཕོ་ཁྱི་ལོའི«རྒྱལ་མོ་རྔུལ་ཆུ»ནི་རང་རེའི་སློབ་གླིང་ཁག་གི་རྩོམ་རྩལ་ངོམ་སའི་དོ་ར་ངོ་མ་ཞིག་ཏུ་འགྱུར་ཐུབ་པར་བྱ་རྒྱུའི་རེ་བ་དང་།

༥  ༽  གཡུང་དྲུང་བོན་གྱི་སློབ་གླིང་ཁག་གི་སློབ་གཉེར་བ་ལྷན་རྒྱས་ནས་ལུས་མི་འདྲ་བའི་རྩོམ་རིགས་ཅི་བསྐུར་ཡང་སྐུར་མཁན་གྱི་དངོས་མིང་དང་འབྲེལ་ཡུལ། སློབ་གླིང་། རྐང་འཛིན་སློབ་སྟོན་པ་སོགས་ཁ་གསལ་བའི་སྒོ་ནས་བྲིས་ཏེ་བསྐུར་རྒྱུའི་རེ་བ་དང་བཅས།

མདོ་སྨད་མཚོ་སྟེང་དགོན་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་སྐབས་གསུམ་པའི«རྒྱལ་མོ་རྔུལ་ཆུ»རྩོམ་སྒྲིག་ཚོ་ཆུང་གིས་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ཧོར་ཟླ3པའི་ཚེས20ཉིན་ཁྱབ་བསྒྲགས་སུ་སྤེལ་བ་དགེ་ལེགས་འཕེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།