༢༠༡༦ལོའི་༼ རྒྱལ་གྱི་ཐེམ་སྐས་ ༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2017-07-12 16:26:51][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནས་བཏོན་པའི་རིག་གཞུང་ལོ་དེབ་«རྒྱལ་གྱི་ཐེམ་སྐས»སྤྱི་དེབ་བཞི་བ་འགྲེམ་སྤེལ་གནང་བ།

1499848078178797.jpg

མདུན་ཤོག

༢༢༡༡.jpg

མདུན་ཤོག་ནང་མ།

       སྔོན་གླེང་གཡུང་དྲུང་དགུ་བརྩེགས།

    སྤྱིར་ན་རྒྱལ་བའི་གསུང་གི་བསྟན་པའི་གདུལ་བྱ་མཐའ་ཡས་པ་དང་། བླ་ཆེན་དྲན་པའི་ཕྲིན་ལས་ཀྱི་ནུས་མཐུ་རབ་ཏུ་བཙན་པའི་དུས་དང་སྐལ་པ་འདིར་ཞང་བོད་ཀྱི་ལྗོངས་སུ་རྒྱུ་ཡི་ཐེག་པ་བྲིན་པའི་དུས་ཙམ་མ་ཡིན་པར་གཡུང་དྲུང་གི་བོན་རིན་པོ་ཆེའི་རིག་པའི་གཞུང་ལུགས་འདི་ཉིད་འགྲོ་བའི་བཅུད་དུ་སྨིན་པ་དང་གྲོལ་བའི་ཐབས་མཆོག་བླ་མེད་དུ་གྱུར་ཡོད།དེ་ཡང་ཐོག་མར་༧རྣམ་འདྲེན་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེས་རྟག་གཟིགས་འོལ་གླིང་དུ་མཛད་པ་བཅུ་གཉིས་གི་ཚུལ་བསྟན་པ་དང་། ཞང་བོད་ཁམས་ཀྱི་གདུལ་བྱ་འདུལ་བའི་དུས་ལ་བབ་པར་གཟིགས་ཤིང་གངས་དབལ་སོ་ར་བའི་ཤུལ་ལམ་དྲངས་ཏེ། མངའ་རིས་ག་ལྗོངས་གཡུ་ལོ་བཀོད་པའི་ཁུལ་དང་ཀོང་ཡུལ་བཅས་ལ་ཞབས་བཅག་པའི་རྣམ་ཐར་ལོ་རྒྱུས་གསལ་བ་དང་། དེའི་དགོས་པ་དང་ཉིང་དགོས་ནི། མདོ་དྲི་མེད་གཟི་བརྗིད་དང་། གཟེར་མིག མདོ་འདུས་སོགས་ལས་ཟབ་པ་ཞིག་ག་ལ་བཤད་ཐུབ། མ་ཟད་དྲན་པ་ནམ་མཁའ་གཙོས་གྲུབ་བརྙེས་རིག་འཛིན་མང་པོའི་ཞལ་པད་དྲི་མེད་ལས་བྱུང་བ་སྲིད་པ་རྒྱུད་ཀྱི་ཁ་བྱང་དང་། བསྒྲགས་པ་གླིང་གྲགས། བོན་མི་ནུབ་པའི་གཏན་ཚིགས་སོགས་གནའ་དཔེ་ངོམས་རིན་ཆོག་པ་མང་པོ་བཞུགས་ཡོད་ཕྱིར་དེ་དག་གི་ནང་དུ་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་དང་། ཞང་བོད་ཡུལ་སྤྱིའི་ཡུལ་སྲོལ་གོམས་གཤིས། ཤེས་བྱ་རིག་གནས་བཅས་ཇི་འདྲ་ཡོད་མེད་དང་ཅི་ལྟར་ཡིན་མིན་གྱི་ཚུལ་གསལ་བར་འཁོད་ཡོད། ཁྱད་པར་དུ་གཤེན་རབ་ཉིད་ཀྱི་གསུང་གི་བསྟན་པའི་གདུང་ཚབ་མི་ཆོ་ལྡེམ་དྲུག་གཙོས་བསྡུ་འཁོར་བཅུ་གསུམ་གྱིས་བཀའ་བསྡུ་གནང་གྲུབ་རྗེས།འཁོར་ལྷ་ཀླུ་མི་གསུམ་ལ་བོན་གྱི་འཁོར་ལོ་བསྐོར་ནས་འགྲོ་བ་དྲངས་པ་དང་། དེ་བཞིན་འཛམ་གླིང་མཁས་པའི་རྒྱན་དྲུག་གིས་མདོ་སྔགས་རྫོགས་གསུམ་དང་། རིག་པའི་གནས་བཅས་ཡུལ་གྲུ་སོ་སོར་སྤེལ་ཏེ་འཆད་ཉན་གྱི་སྲོལ་བཙུགས་པ་དང་། དེར་མཚུངས་སྟོད་ཀྱི་བླ་མ་ཆེ་དྲུག བར་གྱི་གདུང་བརྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མུ་བཞི་སོགས་གྲུབ་ཐོབ་རིག་འཛིན་དང་། མཁས་པ་ལོ་པཎ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་སྤེལ་ནས་ཞང་བོད་ཁུལ་གྱི་སྣོད་བཅུད་གཉིས་ཆར་དག་པ་རབ་འབྱམས་དགེ་མཚན་གྱིས་ཕྱུག་ཡོད་པ་ནི་གླེང་གཞིའི་ལོ་རྒྱུས་སོ། །འདི་ནས་ཡར་བརྩིས་པའི་མི་ལོ་དགུ་བརྒྱའི་ཡར་སྔོན་ནས་རིམ་པས་གཡས་རུའི་སྟོན་པ་བཅོ་བརྒྱད་དང་། རྗེ་བཙུན་ཡར་མེ་བ། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན། སྨན་རིའི་མཁན་སློབ་བརྒྱུད་པ་དང་བཅས་པས་སྤོང་སྒྱུར་གྲོལ་གསུམ་གྱི་ཟབ་གདམས་རྣམས་ཐུགས་དམ་གྱི་མཐིལ་དུ་བླངས་ནས་གཤེན་བསྟན་ཉི་ཟླའི་དཀྱིལ་འཁོར་མངོན་དུ་གསལ་བར་མཛད་དེ་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་བླ་ན་འཕགས་པ་དང་། དེ་བཞིན་དགོངས་མཛོད་རི་ཁྲོད་ཆེན་པོ་དང་། སྤྲུལ་སྐུ་རྣམ་བཞི་དང་གྲུབ་དབང་མེ་སྟོན་གོང་འོག་གཙོས་རྣལ་འབྱོར་གྲུབ་པའི་དབང་པོ་རྣམས་དང་འཇའ་ལུས་པ་ཤར་རྫ་ཡབ་སྲས་སོགས་ཀྱིས་སྒོམ་སྒྲུབ་ཉམས་ལེན་གྱི་སྡེ་བཙུགས་ནས་སློབ་ཚོགས་བསྐྱངས་ཞིང་དབེན་གནས་བསྟེན་པའི་རྨད་བྱུང་གི་མཛད་པ་རྣམས་ཨེ་མ་ངོ་མཚར་ཆེའོ། །དེ་ལྟར་ཐོས་བསམ་སྒོམ་གསུམ་གྱིས་ཤེས་རྒྱུད་གྲོལ་ཞིང་བདག་འཛིན་གྱི་རྩད་ཆོད་དེ་ཉོན་ཤེས་ཀྱི་སྒྲིབ་པ་བྱང་བའི་སྐྱེས་ཆེན་དུ་མ་ཞིང་འདི་ནས་ཕེབས་ཡོད་པ་ནི་སེམས་ཀྱི་དག་ཞིང་ན་སྡུག་བསྔལ་གྱི་སེལ་མེད་པའི་གཏན་ཚིགས་ཞིག་གོ  དེ་ལྟའི་ཐབས་ལམ་གྱི་སྒོ་ནི་འཆད་རྩོད་རྩོམ་གསུམ་ལ་རགས་ལུས་ཕྱིར་འདི་གའི་སློབ་གཉེར་བ་རྣམས་ཀྱིས་ཀྱང་༼རྒྱལ་གྱི་ཐེམ་སྐས་༽ཞེས་པའི་ལོ་དེབ་ཅིག་ལོ་བསྟར་འདོན་སྤེལ་ཞུ་བཞིན་ཡོད་པ་འདི་ནི་རྩོམ་པ་བོན་གྱི་སྡེ་ཚན་གྱི་ཆ་ཤས་ཞིག་ཏུ་མོས་ནས་ཡོད། དེ་ཡང་༼ནང་བསྟན་གསེར་གྱི་ས་གཞིའི༽གདན་ཐོག་ལས་བྱུང་བའི་ཞང་ཞུང་སྨར་སྐད་དང་། སྤུ་རྒྱལ་བོད་སྐད་ཟུང་དུ་སྦྲེལ་བའི་བརྡ་ཚིག་ལས་མདོ་སྔགས་རྫོགས་པ་ཆེན་པོའི་ཡིན་ལུགས་ཀྱི་རྣམ་བཞག་མཇལ་དུ་ཡོད་ལ།  ༼ལོ་རྒྱུས་རྒྱ་མཚོའི་ལྡིང་ཁང་༽ལས་བྱུང་རབས་ཀྱིས་སྤྱི་ཁོག་ཕུབ་སྟེ་གནའ་དཔེའི་རིན་ཐང་ལ་ཚད་འཇལ་ཤེས་པའི་དཔྱོད་ལྡན་མཁས་མཛངས་ཅན་ཁྱུ་ཞིག་གི་རྣལ་མའི་ལོ་རྒྱུས་ལ་གཟི་འོད་འཕྲོས་ཡོད་པ་དང་། དཔྱོད་ཤེས་ཀྱི་ལྗོན་པ་ལས་འཁྲུངས་པའི་གནས་ལུགས་ཀྱི་ཟབ་དོན་ལ་དཀའ་གནད་ཀྱི་མདུད་པ་བཀྲོལ་བའི་༼དཔྱད་བརྗོད་ཁྱུང་ཆེན་མེ་གཤོག༽གིས་ཐེ་ཚོམ་གྱི་མུན་པ་བསལ་བ་དང་། མཁའ་འགྲོ་སྒྲ་དབྱང་རྒྱལ་མོའི་བྱིན་རླབས་དང་འགྱུར་ཁུག་ལ་རེག་པའི་སྙན་ངག་པ་སྐོར་ཞིག་གི་ངག་ནས་ལུད་པའི་༼སྙན་རྩོམ་དྲི་བསུང་རླུང་བུས་༽ལུས་སེམས་ལ་ཚོར་བའི་མངར་ཁ་སྦྱིན་བཞིན་ཡོད།   ༼གསར་འཕྲིན་ནམ་མཁའི་གཏེར་ཁྱིམ་༽གྱི་སྒོ་མོ་དལ་གྱིས་ཕྱེས་ཏེ། ད་བཞུགས་འདི་གའི་བསྟན་འཛིན་གཤེན་པོ་རྣམས་ཀྱིས་སྨོན་རྒྱལ་བླ་རབས་རིམ་བྱོན་གྱི་རྗེས་སུ་བཟུང་ནས་བསྟན་འགྲོར་སྲི་ཞུ་བསྒྲུབས་པའི་ཚུལ་གསལ་བར་འཁོད་ཡོད།མདོར་ན། ངེད་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དང་། བེ་དགོན་བསམ་གཏན་གླིང་གཉིས་ཀྱི་བསྟན་པའི་བདག་ཉིད་ཆེན་མོ་སྨོན་རྒྱལ་ཀུན་གྲོལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་སློབ་སྟོན་དང་། འདི་གའི་བཤད་སྒྲུབ་ལྷན་ཚོགས་ཀྱི་འགན་འཛིན་རྣམ་པས་གཙོ་སྐྱོང་འོག རྒྱ་ཆེའི་མཁས་དབང་རྣམ་པ་དང་། གཞོན་སྐྱེས་རྩོམ་པ་པོ་སྐོར་ཞིག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བརྟེན། རྒྱལ་གྱི་ཐེམ་སྐས་ལ་གསོན་ཤུགས་རྒྱས་འགོ་ཚུགས་པ་དང་། དེར་ཕྲེང་གི་བསྟར་པ་ཡང་ལོ་རེ་བཞིན་རྒྱ་ཆེའི་ཀློག་པ་པོའི་དགའ་སྟོན་དུ་འབུལ་ཐུབ་ཡོད།   འདིར་འཁོད་རྩོམ་ཡིག་གི་བརྗོད་བྱ་མཐའ་དག་གིས་ངེད་རྩོམ་སྒྲིག་ཚོགས་པའི་ལྟ་བ་མཚོན་མི་ནུས་ལ་གང་བསྐུར་ཡོང་བའི་རྩོམ་ཡིག་ཐམས་ཅད་ལོ་དེབ་ནང་དུ་འགོད་ཐུབ་པའི་ངེས་པའང་མེད།   དེར་བརྟེན་སྤུས་ཚད་དང་དོ་དམ་ཐད་དམིགས་བསལ་གྱི་འགན་ནུས་གང་མཚམས་བསྒྲུབས་ཡོད་ཀྱང་ད་དུང་མ་ཤེས་པ་དང་། མ་འགྲིགས་པའི་ཆ་ཡོད་ངེས་པས་ཀློག་པ་པོ་རྣམས་ཀྱིས་དགེ་འདོན་སྐྱོན་སེལ་གནང་ན་ངེད་ཚོའི་ལོ་དེབ་ལའང་ཡར་རྒྱས་ཀྱི་གསོན་ཤུགས་རྒྱས་ཐུབ། འདི་ལོའི་་ལོ་དེབ་ཀྱི་འགྲོ་གྲོན་ཆ་ཚང་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་བྲིས་པ་ཧོར་ཚང་ནོར་བུ་གཡུལ་རྒྱལ་ལགས་ནས་གནང་བྱུང་བར་ངེད་རྩོམ་སྒྲིག་ཚོགས་པས་ཁོང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ།

                        བོན་རྒྱལ་ལོ།   

རྩོམ་སྒྲིག་པ་ཉི་མ་རྒྱལ་མཚན་གྱིས།༢༠༡༦།༡༢།༡༥

བར་བཅུག་པར་རིས་སྣ་ཚོགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།