ཁྱུང་བསོད་བློའི་རྩོམ་དེབ་གཉིས་པ་སྲིད་པའི་གད་རྒྱངས།

[ཟླ་ཚེས། 2016-11-20 09:27:36][རྩོམ་པ་པོ། ཁྱུང་བསོད་བློ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

6A0152BD14FA8ABF3038FA06F87490B0.jpg

 སྨྲང་གྱེར་ཆོ་རབས་ཀྱི་ཡིག་ཚང་དོད་པ་ནས་ཀླད་པའི་དུང་ཁང་དཀར་པོ་ལ་ལྷ་སྲས་པོའི་འོད་ཐིགས་དོད་པའི་དབུ་ནག་ཚོ། གཟུར་གནས་ཀྱི་མཁྱེན་ཡོན་དང་རྟོག་དཔྱོད་ཟབ་མོ་ནི་བསྐལ་པ་སྟོང་གི་ལག་རྗེས་ཡིན་པས་ཡང་མྱེས་དུ་མའི་བཞུད་རིམ་ཁྲོད་དུ་ནམ་ཡང་མོལ། དཔྱོད་ཤེས་ཀྱི་ཚོར་བའི་ཡིག་འབྲུ་ནི་ལོ་རྒྱུས་ཀྱི་འགོ་ཁུངས་དང་འབྱུང་འགྱུར་གྱི་ཚེ་སྲོག་ཡིན་པས་རྟག་ཏུ་གཅེས། བློ་གྲོས་ཀྱི་བདེན་ཁའི་ཞིབ་ཚགས་ནི་སྨག་བཅོམ་གྱི་སྒྲོན་མེ་དང་རྒྱལ་ཁའི་རླབས་གཟེངས་ཡིན་པས་ནམ་ཡང་ཧུར་བརྩོན་དགོས་པ་དེ། ལྷོ་གླིང་གི་སྒང་ཟེ་འགྲིམས་པའི་རྐང་གཉིས་སྲོག་ལྡན་ཅག་གི་ཤ་རུས་པའི་གས་གསེབ་ཏུ་ཐིམ་པའི་ལས་དབང་ནོམ་པོ་ཞིག་བོས་ན་ཆོག་གོ། དཔེར་ན་ཚོར་འདུ་སྐྱིད་སྡུག་གིས་དེད་པའི་ས་འོག་གི་འབུ་གྲོག་ཡན་ཆད་རང་རང་གི་རྣམ་རྟོག་སྐྱ་མོའི་འཁྱེར་སོ་དེ་ཚོར་བ་གསུམ་གྱི་དབྱངས་འགྲོས་དང་བསྡེབས་ནས་སོ་སོའི་ཚེ་སྲོག་འཚོ་ཐབས་ཀྱི་སྡོང་གྲོགས་སུ་འབད་པ་བཞིན། ང་ཚོ་ཡང་སྲིད་པ་ཞང་ཞུང་རྒད་པོའི་སྨར་གྱེར་གྱི་ང་རོའི་བཞུར་རྒྱུན་མ་ཆད་པའི་གདངས་སྐད་ཟབ་མོ་འདི་ཚོ་ནམ་ཡང་རིན་བྲལ་གྱི་ནོར་བུས་སོད་དུ་དཀའ་བ་ཞིགཡིན་པ་གོར་མ་ཆག་པས། ཀུན་ཀས་དེར་ཕྱོགས་སུ་ཡར་རྒྱས་ཀྱི་མཐུན་སྒོ་ཇེ་བཟང་དུ་བཏང་བའི་ཁུར་ལྕི་རང་ཕྲག་ཏུ་དགལ་ནས་གཞོག་འདེགས་གྱ་ནོམ་པོ་བསྒྲུབ་དགོས་པའི་རླབས་ཆེན་གྱི་ལྟ་བའི་འོག ང་ཚོ་འགྲོ་བ་ཅག་ནི་བདེན་པའི་རྡོ་རིང་ལ་ལག་འཇུ་དྲོད་མོས་དམ་ལྷོད་མ་ཤོར་བར་ལོ་རྒྱུས་ཀྱི་ལྡེ་མིག་དང་། བཀའ་སྒྲོམ་གྱི་དོ་པོའི་གསེབ་ནས། ཆེས་ཚད་མཐོ་བའི་མདུན་ལམ་ཞིག་བཙལ་བ་ལ་འབད་འབུངས་ལྷུར་ལེན་དགོས་པ་ལས་འགོག་རྐྱེན་དང་འཐུས་ཤོར་ཅི་ལ་བཟོད། དེའི་ཕྱིར་ཁོ་བོའི་རྩོམ་དེབ་གཉིས་པ་༼སྲིད་པའི་གད་རྒྱངས་༽ཅེས་འབོད་པའི་དེབ་ཆུང་དཀར་པོ་འདི་ནི་སྲོལ་རྒྱུན་གྱི་གནའ་དྲི་བྲོ་བའི་འབེལ་གཏམ་དང་། ཚོར་རྒྱུན་གྱི་སྨྱུག་རྩེ་ནས་བཞུར་བའི་ཀ་ཁའི་ཚངས་ཐིག་ནག་པོ་དུང་གི་ཤོག་ཤོག་དཀར་པོ་ལ་བཏབ་པ་འདི་གཟིགས་མོ་བ་རྣམས་ལ་སྙན་པ་མི་ཟད་རྒྱན་གྱི་འཁོར་ལོ་རུ་འགྱུར་བར་སྨོན་པ་དང་འབྲེལ་ཁོ་བོ་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སློབ་གླིང་དུ་ཞུགས་ནས་ལོ་ངོ་བཅུ་གསུམ་མ་ཟིན་ཙམ་གྱི་རིང་བཅུ་ཕྲག་རིག་པའི་གནས་སོགས་མདོ་སྔགས་སེམས་གསུམ་ལ་སློབ་སྦྱང་བྱས་པའི་ལག་རྗེས་ཏེ། དེ་རིང་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་ཀྱི་མཛད་སྒོ་བཟང་པོ་དང་བསྟུན་ནས་དེབ་ཆུང་འདི་གཉེན་གྲོགས་ཚོ་ལ་ལག་རྟགས་ཀྱི་ཚབ་ཏུ་སྤྱི་ལོ་༢༠༡༦/༡༡/༢༠/ཉིན་ཁྱུང་བསོད་བློ་ནས་སྤེལ་ལོ།།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།