«རྣམ་རྒྱལ་གཟུངས་ཆེན»དེབ་གཟུགས་ཅན་པར་སྐྲུན་ལེགས་གྲུབ།

[ཟླ་ཚེས། 2016-11-04 12:05:03][རྩོམ་པ་པོ། དགེ་འདུན་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

DSC00808.JPG

༄༅།།གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས་བཞུགས་སོ།།
མགོ་བརྗོད།

     གངས་དཀར་ལྷུན་པོའི་ཡོངས་སུ་བསྐོར་བའི་བོད་བསིལ་ལྡན་གྱི་ཞིང་ཁམས་འདི་ལ་ལོ་ངོ་སྟོང་ཕྲག་དུ་མ་བརྒལ་བའི་ལོ་རྒྱུས་དང་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་ནའང་། དེ་ལ་ནོར་བུ་ནོར་ངོ་མ་བཟུང་བའི་ཚུལ་དུ་གནས་ལ། ལྷག་པར་དུ་བོན་པོའི་རིག་གནས་ནི་གནའ་བོའི་བོད་ཀྱི་ཆོས་ལུགས་དང་རིག་གནས་ཞིག་ཡིན་པར་མ་ཟད། ཆོས་འགོ་བོན་དང་ཆུ་འགོ་གངས་ལ་གཏུགས་ཞེས་པ་ལྟར། བོན་གྱི་རིག་གནས་དར་སྔ་བ་ནི་ཀུན་གྱིས་ཁས་འཆེས་པ་གཞིར་བཞག དེ་བཞིན་བོན་གྱི་རིག་གནས་ནི་བོད་རང་སར་ནས་བྱུང་བའི་བོད་ཀྱི་རིག་གནས་ཞིག་ཡིན་པ་ལོ་རྒྱུས་ཀུན་ལས་ར་སྤྲོད་བྱེད་ཐུབ་པར་མ་ཟད། འཛམ་གླིང་གི་རིག་གནས་བང་མཛོད་ཁྲོད་དུ་འོད་སྟོང་འབར་བའི་ནོར་བུ་ཞིག་ཡིན་པར་དེང་སང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དང་ཞིབ་འཇུག་པ་དག་གི་ངག་རྒྱུན་དུ་ཆགས་ཡོད། ད་ལན་ཁོ་བོས་གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས་ཞེས་པའི་དཔེ་རྙིང་འདི་པར་དུ་བསྐྲུན་པའི་དམིགས་ཡུལ་གཙོ་བོ་ནི། སྟོན་པ་ཐམས་ཅད་མཁྱེན་པའི་ཞལ་ནས། གང་དག་བཀའ་ལས་བྱུང་གྱུར་པ། དེ་དག་རིག་པའི་གཞལ་མིན་ན། སྙིང་པོའི་དོན་ཐོབ་མི་འགྱུར་ཏེ། དེ་ཕྱིར་རིག་གཞལ་དོན་ཡོད་བྱ་ཞེས་པ་དང་། ཡང་ན། ཤིན་ཏུ་བརྟག་ན་ང་ཡི་བོན། དེ་ནི་བླང་བྱ་མཆོག་ཡིན་ཏེ། ཞེས་པ་ལྟར་ང་ཚོས་བོན་གྱི་རིག་གཞུང་སྐོར་ལ་དོ་སྣང་དང་ཞིབ་འཇུག་སོགས་ཤིན་ཏུ་མི་འདང་བས། ང་ཚོས་ངེས་པར་དུ་བོན་གྱི་བསྟན་བཅོས་སོགས་པར་སྐྲུན་དང་དེར་ཞིབ་འཇུག་བྱེད་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་ངོ་།། བོན་གྱི་རིག་གནས་ནི་བོད་ཀྱི་གནའ་རབས་རིག་གནས་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེའི་ཕྱོགས་ཀྱི་བསྟན་བཅོས་སོགས་མུ་མཐུད་དུ་པར་དུ་སྐྲུན་རྒྱུའི་ལས་འགན་ནི་ང་ཚོའི་ཀུན་ལ་ཡོད། དེ་ཕྱིར་བདག་གིས་ད་ལན་གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས་ཞེས་པའི་གཟུངས་སྡེ་འདི་ལ་ཡང་གླེགས་བམ་དགུའི་མདོ་བསྡུས། བམ་པོ་དགུ་པའོ། ལེའུ་ལྔ་ངའི་བདག་ཉིད་ཅན་འདི། སྟོན་པའི་ཞལ་ནས་གཟུངས་སྡེ་བཞི་གསུངས་ཏེ། དབྱིངས་ཀྱི་ཡུམ་ཆེན་རྒྱས་པའི་སྡེ། ཡེ་ཤེས་ལྷ་ཆེན་རྒྱས་པའི་སྡེ། ཐབས་མཆོག་སྲིད་པ་རྒྱས་པའི་སྡེ། གཤེན་རབ་གཤེན་རྒྱལ་རྒྱས་པའི་སྡེ། དེའི་ནང་ནས་གཤེན་རབ་ལ་ཡང་སྡེ་ལྔ་སྟེ། རིན་ཆེན་ཀུན་གསལ་སློབ་དཔོན་གྱི་སྡེ། སྐུ་གསུང་བསྒྲུབ་ཐབས་ཡབ་ཀྱི་སྡེ། ཁམས་གསུམ་སྐྱེ་འཆི་ཡུམ་གྱི་སྡེ། དུས་གསུམ་འབྱུང་རྫོགས་སྲས་ཀྱི་སྡེ། སྟོང་གསུམ་འཇིག་རྟེན་མཆོད་པའི་སྡེར་བསྡུས་སོ། དེ་ལྔའི་ནང་ནས་འདི་ནི་སྲས་ཀྱི་སྡེ་རུ་གཏོགས་པའོ། སྲས་ཀྱིས་མཛད་པ་ཆེན་པོ་བཅུ་གཉིས་ལས། གཟུངས་སྡེ་ཆེན་པོ་བཅུ་གཉིས་བྱུང་། དེའི་ནང་ནས་འདི་ནི་རྣམ་པར་རྒྱལ་བའི་སྡེ་ཡིན་ནོ།། གཟུངས་སྡེ་འདི་ལ་ཡང་གླེགས་བམ་དགུའི་མདོ་བསྡུས། བམ་པོ་དགུ་པའོ།། དཔལ་མགོན་ལ་སོགས་སྒྲ་ཙམ་ཟུར་འཕངས་ན། དོན་ཚང་བར་མཆིས་ཏེ། ཞང་ཞུང་ཕུག་པའི་ཡུལ་ན་ལོ་ཙ་བ་གྱིམ་ཚ་རྨ་ཆུང་གིས་བསྒྱུར་བའོ།། གཟུངས་སྡེ་འདི་ཡང་སྤྱིར་ནི་མཛོད་ཀྱི་བོན་སྡེར་འདུས་སོ། དེས་ན་འཆད་པ་དང་། བསྒོམ་པ་དང་། བསྐྱེད་པ་དང་། འདོན་པ་དང་། བསྒྲུབ་པ་ཀུན་ཀ་ཡོད་པའོ།། འདིས་བོན་པོའི་ཆོས་ལུགས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་། བོན་གྱི་རིག་གནས་སམ་བོད་ཀྱི་རིག་གནས་འདི་ཉིད་ཉར་ཚགས་དང་དར་སྤེལ་གཏོང་རྒྱུ་དང་། བོད་ཀྱི་གནའ་རབས་རིག་གནས་ལ་ངེས་ཤེས་ཡང་དག་པ་ཞིག་འདྲོང་རྒྱུ་དེ་ཡིན། དཔེ་ཚོགས་ལེགས་སྒྲིག་དང་དཔེ་སྐྲུན་སྐབས་དཔེ་རྙིང་གི་མ་དཔེ་ལ་བརྩི་འཇོག་བྱས་ནས་དམིགས་བསལ་གྱི་ཡིག་ནོར་དང་བརྡ་རྙིང་དེ་བཞིན་དོགས་གཅོད་ཁ་གསལ་བྱེད་མི་ནུས་པ་དང་། ཞུས་དག་སྐབས་ཕྲན་རང་ཉིད་ཡང་ཤེས་ཡོན་དང་ཉམས་མྱོང་སོགས་ཆེས་དམན་པས་མིག་གིས་མཐོང་ཡང་མ་ཤེས་པ་དང་། མ་མཐོང་མིག་བར་ནས་ཤོར་བའི་ཞན་ཆ་ཆེན་པོ་ཡོད་སྲིད་པས། རྒྱ་ཆེ་བའི་ཀློག་པ་པོ་རྣམ་པས་དགོངས་འཆར་ལྷུག་སྩོལ་དང་སླད་ཕྱིན་དག་བཅོས་ཡོང་བར་ཞུ།།

སྒྲིག་པ་པོས།

དེབ་འདི་དགོས་མཁོ་ཡོད་ཚེ་འདི་ལ་འབྲེལ་རོགས། 13980549377

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།