གངས་ལྗོངས་བཙུན་མའི་སྙན་དེབ་«སད་»ཅེས་པ་འགྲེམ་སྤེལ་བྱས།

[ཟླ་ཚེས། 2015-11-14 16:46:19][རྩོམ་པ་པོ། རྩོམ་སྒྲིག་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

00.jpg

     ༢༠༡༥/༡༡/༡༤ཉིན་གངས་ལྗོངས་བཙུན་མའི་སྙན་དེབ་«སད་»ཅེས་པ་འཇིག་རྟེན་ས་ཆེན་མོའི་སྒང་དུ་ལང་ཚོ་གསར་དུ་སྨིན་པའི་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཁམས་བྱང་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་དུ་དངོས་སུ་གཉེར་བ།

01.jpg

     ཉིན་དེའི་ཞོགས་པ་ཆུ་ཚོད་༡༠པའི་ཐོག་དགེ་སློབ་ཡོངས་སུ་རྫོགས་པ་གཙུག་ལག་ཁང་ཆེན་དུ་འཛོམས་ནས་སྨྲ་སེང་བསྟོད་པ་དང་རྗེ་མཉམ་མེད་ཆེན་པོར་ཇ་ཕུད་གོང་མའི་མཆོད་པ་ལེགས་པར་ཕུལ་རྗེས་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཤེས་རབ་སྦྱིན་པ་དང་རྒྱལ་བ་སྨན་རིའི་དབུ་མཛད་གཡུང་དྲུང་རིན་ཆེན་རྣམ་གཉིས་ཀྱིས་སྙན་དེབ་དབུ་འབྱེད་མཛད།

02.jpg03.jpg

     དེ་ནས་རྩོམ་པ་པོ་རྣམ་པས་རིམ་བཞིན་རང་རང་གིས་བྲིས་པའི་སྙན་ངག་གྱེར་འདོན་བྱས་རྗེས་རྒན་ཁྱུང་བཙུན་གངས་དཀར་པོས་སྙན་དེབ་ཀྱི་མཇུག་གཏམ་དང་འབྲེལ་བའི་འདས་སོང་གླེང་བ་དང་། ད་བབ་བརྗོད་པ། མ་འོངས་རེ་ཞུ་ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་མཛད། མཐར་གངས་ལྗོངས་ཀྱི་བུ་མོ་རྣམ་པ་འཛམ་གླིང་རིམ་པའི་སློབ་སྦྱོང་གི་འགྲན་རྩོད་ནང་དུ་ཞུགས་ཏེ་སྒེར་གཅོད་རིང་ལུགས་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཞེས་གསུངས་སོང་། གནས་ཚུལ་མདོར་བསྡུས་ཤིག་ཁམས་བྱང་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་དྲུང་ཡིག་ཚན་པས་བྲིས།

04.jpg05.jpg09.jpg10.jpg

11.jpg13.jpg16.jpg17.jpg

སེམས་ཀྱི་སྐད་ཆ།

     མི་ཡི་འཚོ་གནས་ཀྱི་འཇིག་རྟེན་རིལ་མོ་འདི་ཡི་སྟེང་ནས་ཚན་རྩལ་རིག་པའི་འཕེལ་ཁ་ཇེ་ལེགས་སུ་སོང་སྟེ་བརྡ་འཕྲིན་གྱི་དུས་རབས་སུ་འཛམ་གླིང་ཤར་ནུབ་ཡོད་དོ་ཅོག་གི་གནས་ཚུལ་རྗེན་པར་མ་དེ་སྐད་ཅིག་དང་སྐད་ཅིག་གི་ཡུན་ལ་མཐོང་ཐོས་མྱོང་གསུམ་ཐུབ་པ་ནི་དོན་ངོ་མ་བཤད་ན། མི་ཡི་བསམ་བློ་སྟེ་རྟོག་པས་བསམ་དཀའ་ལ་རྟོག་མེད་ཀྱིས་འཛིན་མི་ཐུབ་པའི་གནས་སྟངས་ཤིག་ལོས་ཡིན་བསམ་བཞིན་ཡོད། འདི་དང་འདི་ལྟ་བུའི་གནས་ཚུལ་གྱི་བར་གསེང་ཞིག་ནས་ང་ཚོས་རྒྱུས་ལོན་བྱས་པའི་གོ་རིམ་གྱི་ཁྲོད་དུ་འདྲ་མཉམ་ལྟ་བའི་སྐལ་ལ་དེ་བསིལ་ལྡན་གངས་རི་དཀར་པོའི་ཁོར་ཡུག་ཏུ་རྩ་ཆད་སོང་ཡོད་པ་ཧ་གོ་ཞིང་དོན་རྟོགས་སོང་། འདི་ནི་གཞན་གང་ལ་ཐུག་པ་ཡིན་པར་སྤྱི་ཚོགས་རྙིང་པའི་འདུ་ཤེས་འཛིན་སྟངས་མ་དོར་བ་ཕོ་མཆོག་མོ་དམན་གྱི་བསམ་བློའི་རྣམ་པ་བསྒྱུར་བཅོས་སུ་མ་ཐུབ་པའི་དོན་གནད་ལ་ཐུག་ཡོད་པ་ནི་གསལ་གསལ་རྗེན་རྗེན་རེད།

     ང་ཚོ་རྩམ་ཟན་གངས་རིའི་བུ་མོ་ཚོའི་ངོས་ནས་བརྙས་བཅོས་དང་མཐོང་ཆུང་འདི་འདྲའི་རིགས་ལ་དུས་ནམ་ཡང་མགོ་བོ་མི་སྒུར་པར་མདུན་ནས་མདུན་དུ་བསྐྱོད་དེ། འཛམ་གླིང་རིམ་པའི་སློབ་སྦྱོང་གི་འགྲན་རྩོད་ནང་དུ་ཞུགས་ནས་རྒྱལ་ཁའི་དར་ཆ་བསྒྲེང་རྒྱུར་བརྩོན་ལེན་དགོས་པ་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཆགས་འདུག་པས་གྲོགས་མོ་རྣམ་པ་མ་འོངས་སློབ་སྦྱོང་ལ་རེམ་ཞེས་འབོད་བསྐུལ་ཞུ་བ་ཡིན། ད་ལན་ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གཉེར་བ་བཙུན་མ་སྐོར་ཞིག་གིས་འབད་བརྩོན་བྱས་པའི་གྲུབ་འབྲས་ཆུང་ཆུང་སྟེ«སད་»ཅེས་པའི་སྙན་དེབ་ཅིག་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་ཕུལ་ཡོད་པས་དགྱེས་གཟིགས་གནང་རོགས་ཞུ་བ་དང་ཆབས་ཅིག འདྲ་མཉམ་ལྟ་བའི་འོད་རླབས་ཤིག་གིས་ཡུལ་བསིལ་མོའི་ལྗོངས་སུ་ཁྱབ་པར་ཤོག

ཅེས་རྩོམ་སྒྲིག་ཚོགས་པས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།