༧དཔལ་ཤར་རྫའི་རྒྱལ་ཚབ་གཉིས་པ་རྗེས་སུ་དྲན་པའི་ཆེད་དེབ།

[ཟླ་ཚེས། 2015-08-07 18:26:16][རྩོམ་པ་པོ། རྩོམ་སྒྲིག་སྡེ་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

712932843208053180.jpg
༧དཔལ་ཤར་རྫའི་བླ་མ་རྒྱལ་ཚབ་ཐུབ་སྟོབས་རྣམ་རྒྱལ་རིན་པོ་ཆེ་ལ་རྗེས་དྲན་ཞུ།
{1926-2009}

མཛད་རྣམ་དང་འབྲེལ་བའི་སྔོན་གླེང་།

     དེ་ཡང་ཆེས་སྙིགས་དུས་ཀྱི་རང་མདངས་མངོན་གསལ་དོད་ཅིང་། སྐྱེ་དགུ་འགྲོ་བའི་ལས་སྤྱོད་རབ་ཏུ་རྩིང་པའི་དུས་ཀྱི་མ་གཤམ་ཀྱི་སྨག་རུམ་སེལ་བའི་སྒྲོན་མེ་ཞིག་སྟེ། དཔལ་རྒྱལ་བ་ཤར་རྫ་བའི་རྒྱལ་ཚབ་གཉིས་པ་མཐུ་སྟོབས་རྣམ་རྒྱལ་མཆོག་ནི། མདོ་ཁམས་ས་ཡི་ཐིག་ལེ་རྔུལ་རྫ་སྒང་གི་ཆར་གཏོགས། རྫ་ཆུ་སྔོན་མོ་དལ་དུ་འབབ་པའི་ཉེ་འགྲམ་དུ། ཡབ་གཡུ་རྒྱལ་དང་། ཡུམ་མཛངས་མ་བོ་ལེགས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་སྟགལོ༡༩༢༦ལོར་སྐུ་འཁྲུངས། དེ་ནས་ཡུན་རིང་པོར་མ་ལོན་པར་རིག་པར་རང་ཤར་མཆོག་གི་དྲུང་ནས་ཉེར་བརྒྱུད་གདམས་པའི་བཀའ་དབང་སྨིན་གྲོལ་རྗེས་གནང་གི་བྱིན་རླབས་སྤྱི་བོའི་རྒྱན་དུ་ཐོབ། ལྷག་པར་དུ་རྒྱལ་ཚབ་དང་པོ་བློ་གྲོས་རྒྱ་མཚོ་གཙོས་པའི་དགོངས་རྟོགས་ཀྱི་མཁྱེན་པ་ནང་ནས་བརྟོལ་ཞིང་། འགྲོ་དོན་གྱི་སྨིན་གྲོལ་ཤུགས་ལ་འབྱུང་བའི་གྲུབ་བརྙེས་ཀྱི་སྐྱེས་ཆེན་དུ་མ་ཞིག་གི་ཞབས་ཟུང་གཙུག་ཏུ་བཀུར་བའི་བོན་རྣམས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར། རྒྱུད་བོན་དང་འདྲེས་ཤིང་བཀའ་བཞིན་སྒྲུབ་པའི་མཆོད་པས་གཉེན་པར་གནང་། ཁྱད་པར་དུ་དམ་པ་མཆོག་ནི་རྒྱལ་བ་མཉམ་མེད་ཆེན་པོའི་རིང་ལུགས་གྲུབ་དབང་ཤར་རྫ་ཆེན་པོའི་བཀའ་སྲོལ་ལྟར་ཕྱི་སོ་ཐར་གྱི་སྡོམ་པས་སྐུ་བཙུན་ཏེ་དུས་འགྱུར་རླུང་འཚུབ་རྒོད་པོའི་ཁྲོད་ནས་ཚུལ་ཁྲིམས་ཀྱི་ལྗོན་ཤིང་གཡོ་བར་མ་ནུས་པར་བསྟན་པའི་གཞི་མ་ཚུགས་པ་དང་། ནང་བྱང་ཆུབ་ཀྱི་བསླབ་པས་ཐུགས་རྒྱུད་བརླན་ཞིང་གཞན་ཕན་གྱི་སྨྱུ་གུ་འབུས་ཤིང་འགྲོ་དོན་རྒྱ་ལག་ཕྱེད་པ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཚུལ་བཞིན་བསྲུངས་ཏེ་རིམ་གཉིས་གདེང་དང་ལྡན་པ། ཡང་གསང་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་གྱུར་ཏེ་གནས་ལུགས་འོད་གསལ་ཆེན་པོ་འདུ་འབྲལ་མེད་པའི་སུམ་ལྡན་རིག་པ་འཛིན་པའི། གཡུང་དྲུང་འཆང་དབང་ཆེན་པོ་གདུལ་བྱའི་བསོད་ནམས་ཤར་རིའི་ཕྲག་ནས་བཞད་པའི་སྙིགས་དུས་བསྟན་པའི་སྣང་བྱེད་དངོས་ཡིན་པར་མངོན་སུམ་ཚད་མའི་ལམ་ནས་བཀའ་དྲིན་རྗེས་སུ་དྲན་རིན་ཡོད་པ་མཆོག་ཉིད། ཕྱིས་སུ་གྲུབ་ཆེན་ཉི་མ་རིན་པོ་ཆེས། རྒྱལ་དབང་ཤར་རྫའི་རྒྱལ་ཚབ་གཉིས་པ་རུ་མངའ་གསོལ་མཛད་ཅིང་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང། ལྷག་པར་མདོ་ཁམས་བོན་གྱི་བསྟན་པའི་རུ་དར་མཁའ་རུ་བསྒྲེངས་པའི་སྨིན་གྲོལ་གདམས་པའི་ཆུ་མཛོད་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། དུས་རྒྱུན་དུ་རྒྱལ་བ་གོང་མ་དག་གི་རྣམ་ཐར་བདག་གིར་བཞེས་ཏེ་འདོད་ཆུང་ཆོག་ཤེས་དང་རང་ལྟོ་རང་གཡོག་གི་འཚོ་བ་ངན་ངོན་ཙམ་ལ་བསྟེན་ཏེ་ཐུན་བཞི་བའི་ཉམས་ལེན་ཆག་མེད་དང་། བོན་ཉིད་དབྱིངས་ཏེ་མངོན་རྟོགས་ཀྱང་། འདུས་བྱས་དགེ་རྩ་རྒྱུན་མི་བཅད། གསུངས་པ་ལྟར་རྒྱུན་དུ་སྦྱིན་པ་རྣམ་བཞི་དང་སྙིང་པོ་བཟླས་བརྗོད་ཕྱག་དང་འཁོར་ལོ་སོགས་ལའང་གཞན་གྲོལ་བར་བྱ་བ་ལ་རང་གྲོལ་བར་མཛད་པའི་ཚུལ་བསྟན་ཏེ་རྒྱུན་ཆད་མེད་པར་ཆུ་བོའི་རྒྱུན་ལྟར་དུ་ཉམས་བཞེས་གནང་བ་དང་ཚེ་འདིའི་རྙེད་པ་དང་བཀུར་བསྟི་ཟང་ཟིང་སྙན་གྲགས་སོགས་ལ་དུག་བཞིན་འཛེམས་ཏེ་ཕྱི་མའི་དགེ་ཁོ་ན་ལ་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང། འགྲོ་བ་རང་རང་གི་བློ་དང་འཚམས་པའི་དབང་ལུང་མན་ངག་གི་སྒོ་ནས་འགྲོ་བའི་དོན་མཛད་པ་ལས་ལྐོག་གྱུར་གྱི་གནད་རྣམས་མངོན་གཟིགས་མདོག་གི་མངོན་ཤེས་དང་། སྣང་སེམས་ལ་རང་དབང་ཐོབ་མདོག་གིས་གྲུབ་རྫུའི་ལས་སྤྱོད་ལ་ཐུགས་ཡེ་མི་དགྱེས་པར་གྲུབ་པ་བས་ཀྱང་བཙུན་པའི་རྗེས་སུ་འབྲེང་དགོས་པའི་དུས་ཡིན་གསུངས་ཏེ་གུ་ཡངས་བག་ཕེབས་ཀྱི་ངང་ནས་འཁོར་སློབ་རྣམས་དང་མཉམ་དུ་དགེ་སྦྱོར་ལ་བརྩོན་པ་ཉག་གཅིག་ལས་གྲོང་ཆོག་སྐུ་རིམ་དང་ཕྱོགས་མཐར་ཕེབས་བཞུད། ས་རྡོའི་རྟེན་བཞེངས་དང་དུས་སྟོན་མཛད་སྒོ་སོགས་ཀྱི་སྤྲོས་པ་ཆེར་མི་མཛད་པར་རང་རིག་གཉུག་མའི་དོན་ལ་ནན་ཆེར་མཛད་པའོ།།
     ཡང་འགྲོ་བ་ཉག་ཐག་པའི་ནང་མི་ཤི་བ་དང་ཕུང་པོ་རི་ཁྲོད་དུ་བསྐྱལ་མཁན་སེམས་སྡུག་གིས་མནར་བའི་ཡོན་བདག་དག་གི་རེ་འདོད་ལྟར་བསྔོ་སྨོན་འཕོ་འདེབས་ཙམ་ལ་སྐུ་ཚེགས་འོ་བརྒྱལ་ལ་མི་བལྟ་བར་གྲྭ་མང་སྤྱི་འགྲོ་ལྟར། སེམས་ཅན་དོན་དུ་སངས་རྒྱས་སྐུ་མི་ཕོང། ཞེས་པ་ལྟར་ལག་ལེན་དུ་འདེབས་པར་སྣང་། ཡང་དབང་ཆེན་གྱི་དཔོན་པོ་དང་། འབྱོར་ལྡན་གྱི་ཕྱུག་པོ་དག་གིས་ཅི་ཞུས་ཚད་མར་འཛིན་ཏེ་ཁོ་ཚོའི་འདོད་མོས་གང་ཡོད་ཞལ་བཞེས་མཐུན་སྦྱོར་གནང་མཁན་ཞིག་གཏན་ནས་མ་ཡིན་པར་ཐུགས་ཉིད་སྒམ་ཞིང་རང་རྐྱ་ཕེར་བའི་གཡག་རྒོད་ཀྱི་སྐེ་མཇིང་འདྲ་བ་ལོས་ཡིན་སྙམ་པ་ཞིག་སེམས་ནང་ནས་དྲན་སོས་ཀྱི་འདུག དུས་རྒྱུན་ཟང་ཟིང་གི་ནོར་ལ་གསོག་འཇོག་དང་རྩ་ཆེན་དེ་ཙམ་མི་མཛད་པར་རི་ཁྲོད་དུ་ཤི་གསོན་གྱི་དགེ་རྫོང་དུ་དཔལ་འབྱོར་བྱུང་རིགས་ཐམས་ཅད་དེར་བཞུགས་ཀྱི་འཁོར་སློབ་དགེ་འདུན་དག་གི་འཚོ་རྟེན་དུ་བགོ་བ་ལས་དམིགས་གསལ་གྱི་ཉར་ཚགས་བྱ་རྒྱུ་སྒོར་མོ་གཅིག་ཀྱང་མེད་པར་ཕྱི་གསལ་ནང་གསལ་གྱི་སྲོལ་བཟང་རྒྱུ་འཇགས་སུ་སྐྱོང་བ་དང་། གདམས་ངག་ཐུང་ངུ་ཞིག་ལའང་གཞན་སེམས་གྲོལ་བར་ནུས་པའི་བྱིན་རླབས་ཀྱི་ལྗགས་རྩལ་ལྡན་ཞིང་སྐལ་ལྡན་གྱི་བློ་སྒོ་འབྱེད་པ་ལ་མཚུངས་པ་མེད་པའི་ཤེས་རབ་གསལ་བ་དང་། ལྷག་དོན་དུ་མཆོག་གི་རྗེས་འཛིན་རྒྱལ་ཚབ་གསུམ་པ་རུ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་ཉིད་ཕྱི་རབས་བསྟན་པའི་བཙས་སུ་མངའ་གསོལ་བ་དང་། མཁན་པོ་རིག་འཛིན་དབང་རྒྱལ་ཁོང་གི་ཕྱག་རོགས་སུ་བཤད་སྒྲུབ་བསྟན་པའི་མདོ་འཛིན་དུ་བསྐོས་བཞག་གནང་བ་འདིས་ཀྱང་དམ་པ་མཆོག་གི་མཛད་རྣམ་གྱི་མཁའ་དབྱིངས་ལས་འོད་སྟོང་འབར་བའི་འཕྲིན་ལས་ཀྱི་ཉི་མ་ཞིག་ཏུ་ངོས་འཛིན་ཆོག་པར་གནས་ལུགས་ཀྱིས་བཏོན་པའི་རེ་བ་ཉག་གཅིག་ཏུ་ཁུམས། དེང་རབས་ཀྱི་དུས་དང་མཐུན་པའི་ལོ་གྲངས་བཅད་མཚམས་ཅན་གྱི་སྒྲུབ་སྡེ་ཞིག་གསར་འཛུག་གནང་སྟེ་མཐར་ཕྱིན་སློབ་མའི་གྲས་ནས་རྫ་དབྲ་བ་སྤྲུལ་སྐུ་དང་ཐུགས་སྲས་ཤེས་རབ་མཐར་ཕྱིན། ཉི་མ་བསྟན་འཛིན་གསུམ་མཁན་པོར་བསྐོས་བཞག་གནང་སྟེ་བཤད་སྒྲུབ་བསྟན་པའི་དབུགས་རྒྱུན་སླར་གསོ་མཛད་ནས་བཤད་ཉན་སྨིན་གྲོལ་གྱི་སྲོལ་བཟང་ཡར་ཟླའི་དཔལ་ལ་ཕྱོགས་པར་མཛད།
     དེ་ནས་སྤྱི་ལོ༢༠༠༩བོད་རབ་བྱུང་བཅུ་བདུན་པའི་ས་མོ་གླང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་བདུན་ཉིན་ཕྱི་རབས་རྗེས་འཇུག་རྣམས་ལ་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་ཞལ་ཆེམས། ནམ་མཁས་གར་ཁྱབ་སྐྱེ་འགྲོ་མཆོག་དམན་གྱི།། མི་བདེའི་སྡུག་བསྔལ་བདག་གི་སྟེང་དུ་སྨིན།། བདག་གིས་དུས་གསུམ་དགེ་ཚོགས་ཀུན།། འདི་ཕྱིར་ཕན་བདེ་འབྱུང་བའི་ཆེད་དུ་བསྔོ།། རྗེས་བཟུང་སློབ་བུ་ཐུགས་མཐུན་ཁྲིམས་གཙང་གིས།། བཤད་སྒྲུབ་བསྟན་པའི་འཁོར་ལོ་བསྐོར་བར་སྐུལ།། ཆུ་ཟླ་མཁའ་ཟླར་ཐིམ་པ་ལྟར་གྱུར་ཀྱང་།། སླར་ཡང་འགྲོ་བ་སྒྲོལ་བའི་དམ་བཅའ་བྱེད།། གསུངས་པའི་དོན་ཅི་བཞིན་ཕྱི་རབས་རྗེས་འཇུག་རྣམ་པའི་ཐུགས་དབྱིངས་སུ་འཇོག་པར་འཚལ་གསུངས་ཏེ་རེ་ཞིག་དགོངས་པ་བོན་དབྱིངས་སུ་བསྡུ་བ་ལ་མངོན་པར་ཕྱོགས་སོ།། རྣམ་ཐར་རྒྱས་པ་ལོགས་སུ་གསལ་བས་འདིར་དེ་ཙམ་ལས་རྒྱས་སྤྲོས་ཀྱི་ངལ་བ་ལོགས་སུ་མ་བྱས། ད་ལན་དམ་པ་མཆོག་གི་ཐུགས་རྗེས་སྐྱབས་འོག་ཏུ་ཚུད་པའི་གསང་གསུམ་ཆེ་བའི་ཡོན་ཏན་སྙིང་ལ་སྦྲུམ་ཞིང་གདམས་ངག་བདུད་རྩིའི་དཔལ་ལ་དངོས་རོལ་གྱི་སྐལ་བ་ཐོབ་པའི་རྗེས་འཇུག་དག་གིས་བཅོས་མིན་སེམས་གཏིང་གི་དད་ཚོར་ཚིག་སྦྱོར་གྱི་ལམ་ནས་བསྟར་བའི་སྙན་རྩོམ་བསྡུ་སྒྲིག་དང་ཁྱབ་སྤེལ་གཏོང་བ་ལ་དགེ་མཚན་དུ་མ་ཞིག་མཆིས་ཏེ།
     གཅིག་ནས་བླ་མ་ལ་མི་ཕྱེད་དད་པའི་སྒོ་ནས་གསོལ་འདེབས་ཤོ་ལོ་ཀ་རེ་འབྲི་བ་ལའང་བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་རྫོགས་ངེས་ཏེ། རྒྱུད་ལས། སྙན་སྒྲུབ་བཟླས་པ་ས་ཡ་ལས།། བླ་མའི་གསོལ་འདེབས་ལན་གཅིག་མཆོག། གསུངས་པ་ལྟར་རོ།། 
     གཉིས་ནས་ཐར་པ་དོན་གཉེར་གྱི་གང་ཟག་ཞིག་ཡིན་ནས་བཟུང་བླ་མ་ནི་ཚེ་རབས་གཏན་གྱི་སྐྱིད་སྡུག་ལེགས་ཉེས་ཀྱི་བློ་གཏད་ཡིད་རྟོན་བྱ་ཡུལ་དུ་ཆགས་པས། བླ་མ་ཞིང་གཞན་དུ་གཤེགས་ཀྱང་བཀའ་དྲིན་རྗེས་དྲན་དང་གདམས་ངག་གསོལ་འདེབས་ཀྱི་བྱ་འགུལ་འདི་ལྟ་བུ་དགོས་གལ་ཆེ་བས།
     གསུམ་ནས་དེང་རབས་སྤྱི་ཚོགས་སུ་ཆེ་ས་ནས་གྲུབ་མཐའ་དང་རྒྱལ་རབས། སྐྱེས་ཆེན་དག་གི་མཛད་རྣམ། ཆུང་ས་ནས་སློབ་གཉེར་ལ་ཁ་ཕྱོགས་ཡོད་པ་ཙམ་གྱིས་རང་སྣང་ཅི་ཤར་གྱི་རྩོམ་དེབ་རིན་ཐང་ཡོད་མེད་ཅི་རིགས་དྲྭ་བ་དང་འཕྲུལ་དེབ་སྣ་ཚོགས་ཀྱི་སྒོ་ནས་རྒྱ་ཁྱབ་གཏོང་བའི་སྐབས་འདིར་དེང་རབས་ཀྱི་དུས་དང་འཚམས་པ་བཅས་ལ་དམིགས་ཏེ་གངས་ཏི་སེའི་རིགས་གནས་རྒྱུད་འཛིན་ཚོགས་པས་རྣམ་དཀར་གྱི་བགྱི་བ་ལྷུར་ལེན་གནང་བ་ལ་ཡི་རངས་དང་བཅས་ཡེ་ཤེས་ཉི་མ་ནས་སྦྱར་བའོ།། 
 

བློ་འདྲི་ཡུལ། ༧རྒྱལ་ཚབ་འཇིགས་མེད་དབང་ཕྱུག
གཙོ་གཉེར་སྡེ་ཁག གངས་ཏི་སེའི་རིག་གནས་རྒྱུད་འཛིན་ཚོགས་པ།
ཞུ་དག་པ། དབྲ་དཀར་གཞན་ཕན་ཤེས་རབ། ཤར་བྲམ་ཟེ། རྨེའུ་དྲི་ཟ། ཟླ་མེ་ལྕེ། ཟླ་བསོད་བློ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།