༢༠༡༤ལོའི་མུ་ཁྲི་བཙན་པོ་པར་དུ་བསྐྲུན་པ། སྤྱི་དེབ་བརྒྱད་པ།

[ཟླ་ཚེས། 2015-06-22 19:27:24][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༡༤ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་༼ མུ་ཁྲི་བཙན་པོ་ ༽པར་དུ་བསྐྲུན་པ།
3.jpg
མདུན་རྒྱབ་ཀྱི་པར་རིས།
2.jpg
ནང་ངོས་ཀྱི་པར་རིས།

གླེང་གཞི་འདུན་རྩེའི་རེ་སྨོན།

གཉའ་བློ་གྲོས་རྒྱལ་མཚན།༼མཚོ་སྔོན་ཟི་ལིང་།༽

   སྟོན་པ་མཆོག་གྱུར་གཤེན་རབ་མི་བོ་དང་། །བསྟན་པ་ཟླ་བྲལ་ལེགས་པར་གསུངས་པའི་བོན། །རྗེས་འཇུག་འགྲན་མེད་གཡུང་དྲུང་སེམས་དཔའི་ཚོགས། །མཆོག་གསུམ་བྱིན་མཐུས་འགྲོ་ཀུན་ཤིས་གྱུར་ཅིག །རྩོམ་སྒྲིག་ཞུ་དག་ཐོད་གཏུག་ལས་གསུམ་གྱིས། །ངལ་བརྒྱ་བསྟེན་ནས་རྩོམ་བཟང་རི་མོའི་ཚོགས། །གླེགས་བུའི་འཕྲུལ་པར་ལ་བཀོད་གྲུབ་འབྲས་མཆོག །ལེན་མཁན་རྣམས་ལ་རྟེན་འབྲེལ་སྙིང་ནས་ཞུ། །ལོ་ཡི་ཤོག་ལྷེ་གསར་བ་བསྒྱུར་པའི་ངོས། །བསམ་བློའི་ཟིན་ཐོ་དཔེ་མེད་སོ་མ་དག །དགོད་ཅིང་བལྟ་བའི་འབྲི་སྒྲིག་ཀློག་མཁན་རྣམས། །བཀྲ་ཤིས་གཡང་གིས་དམ་དུ་འཁྱུད་གྱུར་ཅིག །གངས་རིའི་མུ་ཁྱུད་འཛིན་ལྗོངས་སུ། །མཁས་ཆེན་ཁྲི་ཕྲག་བྱོན་པའི་སྡེས། །རིག་གནས་བཙན་ས་ཡོངས་བཟུང་བས། །གནའ་རབས་པོ་པོའི་གྲུབ་མཐར་བསྔགས། །བདུན་ལས་གཉིས་པར་གྲགས་པའི་མཚན། །ཡོངས་སུ་འཛིན་པའི་དུས་དེབ་ནི། །བསྟན་འགྲོའི་ཞབས་འདེགས་ཆེན་པོ་རུ། །གྲུབ་པ་ལ་ནི་སུ་ཡིས་སྙོན། །རང་ལ་རིག་པའི་ནོར་སྡུད་ཅིང་། །གཞན་ལ་ཤེས་བྱའི་གཏེར་འབྱེད་པའི། །ནམ་མཁའི་མཛོད་འདྲའི་དུས་དེབ་ཁྱོད། །ཀློག་པ་པོ་ཡི་གྲོགས་མཆོག་ལགས། །བོན་ཆོས་ངོ་བོ་གཉིས་མེད་དུ། །གྲུབ་ཅེས་སློབ་དཔོན་པདྨས་གསུངས། །ཚུལ་དེར་སྒྲོ་སྐུར་ཅི་བྱེད་པ། །ཆོས་སྤོང་ཉེས་པར་ཅིས་མི་འགྱུར། །དེས་ན་བན་བོན་སངས་རྒྱས་ཀྱི། །རྗེས་སུ་འབྲང་བའི་ཁྱུ་ཚོགས་རྣམས། །འཆམ་མཐུན་འོ་མཚོར་རོལ་ནས་སུ། །དོན་གཉིས་འགྲུབ་པའི་ལྷག་གང་ཡོད། །གལ་ཏེ་གྲུབ་མཐའ་རྩོད་དོ་ཞེས། །འཇིག་རྟེན་ཆོས་བརྒྱད་དབང་གྱུར་ཏེ། །རྩོད་པའི་ལས་སུ་ཞུགས་གྱུར་ན། །དེ་ནི་ཆགས་སྡང་ཁོ་ནས་ཁྱེར། །སངས་རྒྱས་བསྟན་པ་རྒྱས་པའི་ཕྱིར། །ཚད་མེད་བཞི་ལ་གོམས་པའི་བློས། ། གནས་ལུགས་ཁོ་ནས་དཔྱད་གྱུར་ན། །དེ་ནི་གྲུབ་མཐའ་བརྩད་པར་འདོད། །གྲུབ་མཐའ་རྣམ་པར་དག་པ་ལ། །ལྷག་བསམ་རྣམ་དག་གིས་ཞུགས་པའི། །སྒོ་གསུམ་རྣམ་དག་ལྡན་རྣམས་ཀྱིས། །བརྩད་ན་རྣམ་དག་འབྲས་བུ་འབྱུང་། ། ཕྱོགས་རིས་ཁོ་ནས་གྲུབ་མཐའི་དོན། །རྫོབ་རྒན་དག་གིས་བརྩད་གྱུར་ན། །ལྷ་ཡང་འདྲེ་རུ་མཐོང་འགྱུར་བས། །རང་ཉིད་སྐོབས་པའི་རྒྱུ་རུ་ཟད། །སྙིང་བོ་མེད་པའི་རྩོད་པ་དང་། །གླེང་རིན་མེད་པའི་ཁ་མཆུ་དང་། །མིག་སྡང་ཙམ་གྱི་དགྲ་ལན་རྣམས། །བསྐྱུར་ན་གནོད་ལས་ཕན་པ་ཆེ། །བསམ་དཀར་སྒོམ་པ་ཞི་བའི་མཆོག །གཞན་ཕན་སྒྲུབ་པ་སྤྱོད་པའི་མཆོག །རང་གཞན་གནོད་འགོག་སྲུང་བའི་མཆོག །དེ་དག་སྤྱི་ཚོགས་བདེ་བའི་རྒྱུ། །དུས་ཀྱི་ཁྱུད་མོ་ངང་གིས་འཁོར་བ་ན། །བགྲང་བྱ་བདུན་ཙམ་གློ་བུར་འདས་དང་མཚུངས། །འགྱུར་ལྡོག་ཆེ་བའི་འཇིག་རྟེན་བྱ་དངོས་ལ། ། ཕྱིར་བལྟས་བྱས་པས་ངོ་མཚར་བརྗོད་མི་ལང་། །རིག་གནས་སློབ་གསོ་རྩོམ་རིག་སྒྱུ་རྩལ་དང་། །ཆབ་སྲིད་དཔལ་འབྱོར་ལ་སོགས་ལས་རིགས་སུ། །བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བ་རྣམས། །ལྕེ་བརྒྱར་སྤྲུལ་ཀྱང་བརྗོད་མཐའ་ཡས་པ་ཉིད། །དེ་ལྟར་གང་གིས་སྒྲུབ་པའི་དུས་དེབ་ལ། །ཐོབ་པའི་གྲུབ་འབྲས་ཆེན་པོ་དེ་དག་ཀྱང་། །ཀློག་པ་པོ་ཡི་གསོས་མཆོག་ཏུ་གྱུར་ནས། །ཀུན་གྱིས་བསྟོད་པ་ངལ་བ་མེད་པར་བརྗོད། །སྔོན་ཐོན་གྲས་ཀྱི་མི་རིགས་རྣམས། །རྩོམ་རིག་སྒྱུ་རྩལ་ཚན་རིག་དང་། །ལག་རྩལ་གང་གི་ཐད་ནས་ཀྱང་། །ང་ཚོ་བསྐྱུར་ནས་རྒྱང་རིང་བཞུད། །དེ་ནི་དམ་པ་མཁས་མཆོག་གི །དྲུང་དུ་འཁོར་རྣམས་འདུས་ན་ཡང་། །མཐོ་དམའི་ཁྱད་པར་གནམ་ས་བཞིན། །ཡིན་པའི་ཚུལ་འདི་རྟོགས་པར་རིགས། །སྔོན་ཐོན་ཁྱད་རྫས་སྣ་ཚོགས་ཤིག །སྤྱོད་ཤེས་ཙམ་དུ་ཡོད་ན་ཡང་། །དེ་དག་སུ་ཡིས་བསྐྲུན་ཚུལ་ལ། །འདང་ཙམ་རྒྱག་མཁན་དུ་ཞིག་ཡོད། །བློ་གྲོས་བསྡུར་ན་མི་དམན་རུང་། །ནུས་རྩལ་བཤིབས་པས་ཁྱད་བྱུང་བ། །དེ་ནི་སྦྱོང་དགོས་རྩལ་མཆོག་རྣམས། །མ་སྦྱངས་པ་ཡིས་ཀུན་ནས་ལན། །སློབ་གསོའི་མ་ལག་མི་ཚང་བས། །རིག་ཚན་དགོས་ངེས་མ་དར་ལ། །བཟོ་ཞིང་ཕྱུགས་ཀྱི་སྡེ་ཚན་ཙམ། །སློབ་ཆེན་དག་ན་མེད་པས་སྐོབས། །རང་སྐྱོན་མཐོང་ན་སངས་རྒྱས་ཡིན། །ཞེས་པའི་གནས་ལུགས་ཟབ་མོ་དེ། །བོད་པ་རྣམས་ཀྱིས་རྟོགས་དགོས་ཏེ། །མ་བརྟག་ཉམས་དགས་ཅི་འབྱུང་སོམས། །དེ་འདྲའི་སྐད་ཆ་སྦོམ་པོ་དག །དོན་མེད་རང་དགར་སྨོས་པ་མིན། །རང་ལ་གསལ་འདེབས་བྱེད་པའི་ཚིག །ཁོག་ཡོད་ཁ་རུ་ཕྱུང་བ་ཙམ། །གཞན་སེམས་ཤེས་པ་སྤྱང་བོར་བཤད། །རང་དོན་མི་འཆུགས་གྲུང་བོར་བརྗོད། །ཀུན་ནས་སྔོན་ཐོན་རྗེས་སྙེག་པའི། །བསམ་སྤྱོད་ནམ་ཡང་ལྡན་པར་སྨོན། །ལྗིད་ཀྱིས་ནོན་ཞིང་ཐང་གིས་ཁྱོགས་པ་ཡི། །རྩོམ་བཟང་སྤུས་དག་ཤིན་ཏུ་དཀོན་པ་ནི། །རྩོམ་ཡིག་འབྱུང་བའི་ངང་གཤིས་ཡིན་པའི་ཚུལ། །རིག་གཞུང་ལོ་རྒྱུས་ཉིད་ཀྱིས་གསལ་བར་མཚོན། །དེ་ཡང་བརྒྱ་ཡི་ནང་ནས་དཔའ་བོ་དང་། །སྟོང་གི་ནང་ནས་མཁས་པ་འབྱུང་ངོ་ཞེས། །སྔོན་བྱོན་མཁས་པས་ལེགས་པར་གསུངས་པ་ནི། །ལུགས་དེ་རྣམ་པར་མཁྱེན་པས་མ་ཡིན་ནམ། །མཁས་པའི་ཡིན་ཀྱང་ཐམས་ཅད་ལེགས་པ་ཡི། །ངེས་པ་དེ་ཡང་ཕལ་ཆེར་ཡོད་དཀའ་སྟེ། །གསུང་འབུམ་ཁྲོད་ན་ཅུང་ཙམ་ཞན་པ་ཡི། །རྩོམ་དག་བཞུགས་པ་རྒྱུན་དུ་མཐོང་མིན་ནམ། །རྩོམ་བཟང་བསྡུས་ཏེ་ལེགས་པར་བསྒྲིག་རྒྱུ་ནི། །རྩོམ་སྒྲིག་པ་ཡི་འདོར་མེད་འོས་འགན་ཏེ། །དགོས་ངེས་ཞུས་དག་ཙམ་ཡང་མི་ཐོངས་ན། །སྒྲིག་མཁན་གྲས་སུ་སྡོད་པ་འོས་མེད་དོ། །ལུས་ཉོབ་སེམས་དུབ་བྱུང་བའི་གནས་སྐབས་སུ། ། མིག་གིས་རིག་ཀྱང་སེམས་ཀྱིས་མཐོང་བ་མེད། །སེམས་ཀྱིས་རིག་ཀྱང་མིག་གིས་ནོན་པ་མིན། །བྱིང་རྒོད་ལྟ་བུས་རིག་པར་གནོད་གྱུར་ན། །འབད་པས་ཞུས་ཀྱང་འབྲས་བཟང་འབྱུང་བ་དཀའ། །དེའི་ཕྱིར་རིག་པ་བསྒྲིམས་ཀྱང་མི་གྲིམ་པའི། །གནས་སྐབས་རྣམས་སུ་ཞུས་དག་བྱེད་པ་ལས། །ལུས་སེམས་ཡོངས་སུ་གློད་དེ་ངལ་གསོས་རྗེས། །མ་ཕྱི་བཀླགས་ན་ནོར་འཆུགས་རྙེད་པ་སླ། །ཞུས་དག་བྱ་བའི་དཀའ་ཞིག་མེད་དོ་ཞེས། །ཕྲན་གྱི་སློབ་དཔོན་དམ་པས་གསུངས་མྱོང་སྟེ། །རྩོམ་སྒྲིག་ཞུས་དག་དཔེ་མེད་སོང་ངོ་ཞེས། །སྙམ་ཡང་ད་དུང་ལུས་འགྲོ་ཆོས་ཉིད་ཡིན། །དེ་ལྟ་ན་ཡང་ཤིན་ཏུ་གཟབ་ནན་གྱིས། །ཞུས་དག་ཐོད་གཏུག་ལེགས་པར་བྱས་ནས་སུ། །གཏན་ནས་མི་འཆུགས་པ་ཡི་བླང་བྱ་དག །རང་གིས་རང་ལ་འདོན་པ་ཤིན་ཏུ་འོས། །མར་ལེའི་གསུང་འབུམ་ཞུས་དག་ཉེར་གཅིག་དང་། །མིང་མཛོད་སྣ་ཚོགས་ཐེངས་མ་བཅུ་གཉིས་ལ། །ཞུས་དག་བྱེད་དགོས་ཞེས་སུ་རྒྱ་ནག་གི །རྩོམ་སྒྲིག་པ་ཡིས་སྨྲས་པ་དངོས་སུ་ཐོས། །སློབ་མ་རྣམས་ཀྱི་དགེ་རྒན་བཟང་བོ་དང་། །རྩོམ་མཁན་དག་གི་རྩོམ་གྱི་གན་མཛོད་དང་། །ཀློག་པ་པོ་ཡི་རྩོམ་གྱི་དགའ་སྟོན་དུ། །གྲུབ་པའི་དུས་དེབ་ཁྱོད་འདྲ་གླིང་འདིར་དཀོན། །འདས་པའི་བགྲང་བྱ་བདུན་གྱི་དུས་ཡུན་དུ། །གངས་ལྗོངས་བོད་ཀྱི་རིག་མཛོད་ཆེན་པོའི་ནང་། །རིག་ནོར་མི་ཉུང་བ་ཞིག་ཕུལ་ཡོད་ཅིང་། །དེང་ཕྱིན་གང་མང་འབུལ་བའི་སྨོན་འདུན་ཞུ། །

ཞེས་གཉའ་བློ་གྲོས་རྒྱལ་མཚན་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་དྲུག་གི་ཉིན་ཞིང་མཆིང་ཟི་ལིང་དུ་བྲིས་པ་དགེ་བར་གྱུར་ཅིག་གུ ། །

1.jpg
བར་བཅུག་པར་རིས།
001.jpg002.jpg
བོད་ཡིག་དཀར་ཆག
003.jpg004.jpg
རྒྱ་ཡིག་དཀར་ཆག་དང་རྩོམ་སྒྲིག་སྡེ་ཁག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།