སྨོན་རྒྱལ་བླ་བྲང་གི་ལོ་དེབ་༼རྒྱལ་གྱི་ཐེམ་སྐས༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2013-12-13 13:34:04][རྩོམ་པ་པོ། ཉི་རྒྱན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔལ་ལྡན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་ལོ་དེབ་འདོན་ཐེངས་དང་བོ་༼རྒྱལ་གྱི་ཐེམ་སྐས༽འགྲེམ་སྤེལ་གནང་བ།
05.jpg
མདུན་ཤོག
03.jpg
མདུན་ཤོག་ནང་མ།
01.jpg
བར་ཤོག་དང་པོ།
02.jpg
བར་ཤོག་གཉིས་པ།
07.jpg
08.jpg
དཀར་ཆག ༼བོད་ཡིག༽
09.jpg
དཀར་ཆག༼རྒྱ་ཡིག༽
04.jpg
རྒྱབ་ཤོག་ནང་མ།
06.jpg
རྒྱབ་ཤོག

སྔོན་གླེང་ཉི་མའི་གུར་ཁང་།

   འཛམ་གླིང་གི་དབུ་རྩེ་ནས་ལྷང་ལྷང་དུ་གྲགས་པ་འཕུར་བའི་ཞང་བོད་རིག་པ་དེ་ཉིད་ལོ་རྒྱུས་ཡར་འདེད་བྱེད་ས་ཞང་ཞུང་ནས་བྱུང་བའི་གཡུང་དྲུང་བོན་གྱི་ཤེས་རིག་དེ་ཉིད་ཡིན་པ་སྨོས་མ་དགོས། ཡིན་ཀྱང་བོད་རིག་པའི་ཆུ་ཚད་ངེས་ཅན་ཞིག་སླེབས་དགོས་ན་ཞང་བོད་ནང་བསྟན་དང་རྒྱ་གར་གྱི་ནང་བསྟན་གཉིས་ལ་བརྟེན་ནས་ཞིབ་འཇུག་དཔྱིས་ཕྱིན་བྱས་ཏེ་མདུན་བསྐྱོད་ཀྱི་ལམ་བུར་ཐོག་བགྲོད་དགོས་པ་ལས། དེ་ལས་ལྡོག་ཏེ་དུས་རབས་ཀྱི་ཕྱོགས་འཛིན་རྙིང་ཞེན་རྗེས་འབྲང་གི་ལྟ་བ་ཁྱེར་ཏེ་གཤོག་པ་ཡ་གཅིག་ཁོ་ནའི་ཁྱད་ཆོས་ལྡན་པའི་མེས་བོད་ཁྱུང་ཆེན་གྱི་མེ་རླུང་གི་མཁའ་རྩལ་ནམ་ཡང་བདེན་མི་སྲིད། འདས་རབས་ཀྱི་ལོ་ཟླའི་ཁྲོད། རྒྱལ་བའི་སྨྲང་རབས་ལ་རྫུན་དུ་ལྟ་ཞིང་། ཡ་ཀ་བོན་ལ་བྱེད་པའི་དུས་རིམ་ནང་། ཡབ་མྱེས་ཀྱི་དཀའ་སྡུག་གི་མྱོང་བ་ལུས་ལ་འཁྲས་ཏེ་རྒྱལ་ཁྲིམས་ཀྱི་ཁྲག་ཐིགས་དྲོན་མོས་སྲོག་ལ་རྒོལ་ནས་བླ་ཆེན་ཡབ་སྲས་སོགས་གྱེར་གཤེན་སེམས་དཔའ་རྣམས་མིག་ནས་མཆི་མ་འབྲུགས་ཏེ་སྐུ་ལུས་སྦྱིན་པ་གཏོང་། ཡབ་མྱེས་མཐའ་ལ་བཀར་བའི་ལས་དབང་ཁུར་མྱོང་ནའང་། འོན་ཀྱང་བདེན་རྫུན་ལྟ་ལོག་འགག་འཕྲང་བར་གྱི་གསང་བ་ནས། ལས་འབྲས་ཡོ་སྲང་གི་དྲང་ཐིག་མཁན་དང་། བཀའ་སྲུང་བཙའ་སྐྱོང་གནང་མཁན་ཞིག་ཡོད་པ། འདས་མ་ད་གསུམ་གྱི་ཞང་བོད་རྒད་པོའི་རྣམ་ཐར་གཟིགས་དང་། གནའ་རྙིང་གི་བག་ཆགས་ཟབ་མོས། མགོ་ཡང་ཨ་གསར་སྤྲེལ་ལད་ཀྱི་བློ་ཁ་རྦད་ཀྱིས་གཏོར་ནས། གཅེས་སུ་འོས་པའི་ལོ་རབས་དང་ན་ཚོད་ཀྱིས་རྒས་པའི་ཨ་མྱེ་ཞང་ཞུང་རྒད་པོའི་རྣལ་དབབ་སློབ་གསོ་པོ་ཏི་སྔོན་མོའི་ཚོགས་ལ་འབད་འབུངས་བགྱི་དགོས་པའི་གནས་ལུགས་དེ་ད་གཟོད་ལྐོག་གྱུར་ཚད་མས་ཁྱོད་དང་ང་ལ་ཐད་ཀར་ར་འཕྲོད་ངེས་ཡིན། ད་ལྟ་ཤར་ནུབ་ཀྱི་གོ་ལའི་ཁྲོད་དུ་མྱི་ལོའི་༡༨༠༠༠གོང་གི་ནང་བསྟན་གྱི་ལོ་རྒྱུས་ཡོད་པ་ནི་ཞང་རྒྱལ་བྱ་རུ་ཅན་གྱི་དབུ་མཆོད་དཔོན་གསས་སྟོན་པ་བཀའ་དྲིན་ཅན་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་བསྟན་པ་གཅིག་པུ་དེ་ཆགས་ཡོད་པས། བསོད་སྐལ་ཆགས་ན་དབུ་ནག་འགྲོ་བས་ཆོག་ཏུ་མེད་པའི་བདེན་དཔང་ཞིག་ཏུ་ཉེ་བར་འཁུམ། དེས་ཀྱང་ག་ལ་ཚད། མིའི་རིགས་ཀྱི་བསམ་བློ་དེས་ཆ་མི་སྙོམ་པའི་དགའ་སྐྱོ་ཆགས་སྡང་སྐྱོ་གར་ནར་མར་མཐུད་པའི་འཇིག་རྟེན་འདི་ལ་དགོངས་ནས། ཡེ་སྲིད་བླ་རི་ཏི་སེའི་དྲུང་གི་ག་ལྗོངསགཡུ་ལོ་རྫོང་ནས་འཛམ་གླིང་བསོད་ལྡན་མྱི་བུ་ཡོངས་ལ་ཐུགས་ཕྱུངས་ཏེ་ཞང་བོད་ཀྱི་ལྗོངས་སུ་མངོན་སུམ་དུ་ཞབས་བཅག་ཚུལ་གྱི་མཛད་རྣམ་དེ་ཚོ་ང་ཚོས་ཅི་ནས་ཀྱང་ཤེས་རྟོགས་དང་བསྐྱར་ཟློས་དགོས་པར་སྙམས། ཁྱེད་ཉིད་མ་བྱོན་པའི་སྔོན་རོལ་ན། ལྟོས་དང་། མཐོ་སྒང་ཁ་བའི་ཞིང་དུ། ཡ་མ་བརླའི་འདམ་རྫོབ་དང་། ཉམ་ཐག་སྡུག་གི་རི་གྲོང་དུ་གྱར་ནས་རི་རྐྱང་ལྟ་བུའི་འཚོ་བ་དང་། ཤེས་མེད་རྨོངས་མུན་གྱི་གྲིབ་གཟུགས་ལས་མིའི་རིག་སཀྱི་བསམ་མནོ་བཀོལ་སྤྱོད་ཀྱི་ཤེས་རིག་གང་ཡང་མ་རྙེད། སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་ལ་གཟིགས་དང་ཞང་བོད་རིམ་བྱུང་གི་མྱི་རབས་ཚོ་དང་བསོད་ལྡན་འགྲོ་བ་ཡོངས་ལ། ཤེས་མེད་མུན་སྟུག་གི་ཡོ་བ་བཀྲལ་ནས་བདེན་པའི་དམུ་ཐག་གི་མདུན་ལམ་བརྐྱངས་ཡོད། འབྱུང་ཁམས་འདི་ཁོད་སྙོམ་ཡོང་ཕྱིར་ཀླུ་གཉན་ལ་རིམ་གྲོ་བསྟར་མཛད། ཤེས་རིག་གི་འོད་སྟོང་སྦར་ཏེ་གསང་མཚན་གྱི་ཧོས་སྒོ་འབྱེད་གནང་། འབྱུང་ལྔའི་གནད་འགྲོས་གསོ་ཕྱིར་ལྷ་བསང་གི་ཀླུང་རྟ་འཛུགས་ཡོད། བློ་ཚོད་ཀྱི་གོམ་ཁ་བསྟུན་ཏེ་ཐེག་དགུའི་རྣམ་བཞག་བསྟན་མཛད། ཉོན་མོངས་ཀྱི་དབལ་སོ་གཞོམ་ཕྱིར་བོན་སྒོ་ཡི་འདུལ་ལུགས་བསྟན་ཡོད། དེར་བརྟེན་ལས་སྨོན་གྱི་ཟབ་ས་ནས་དམུ་ཐག་གཤེན་གྱི་ལྔ་ལྡན་འོད་མདངས་སྤྲོས་ས། ལྷོ་ཡ་གླིང་དབུས་ཀྱི་ལྟེ་གནས་རི་བོ་ཧི་མ་ལ་ཡ། གངས་རྒྱལ་ཏི་སེ། སྤུ་རྒྱལ་གངས་དཀར་སོགས་ཀྱི་སྡོང་གྲོགས་དང་། ཁ་འབབ་རྣམ་བཞིའི་བཞུར་རྒྱུན་དང་མཉམ་དུ་རི་མཐོ་ས་གཙང་ཞང་བོད་ཀྱི་གཅེས་ནོར་འཚེ་མེད་སེམས་ཀྱི་ནང་བསྟན་དམ་པ་དེ་ཉིད། ཨ་སྔོན་ནམ་མཁའི་ཀླད་ནས་ཁྱུང་ཆེན་དམ་པའི་གཤོག་རླབས་བརྐྱང་བཞིན། ཉི་ཟླའི་རྟ་ལ་བཅིབ་སྟེ་མྱི་རབས་ཀྱི་སྨག་རུམ་དེ་སྣང་མུན་ལ་ཆ་འཚལ་ཏེ། ཟླུམ་གླིང་འདིར་འཁོར་བསྐྱོད་བྱེད་བཞིན་འོད་བསིལ་གྱིས་བྱམས་དང་སྙིང་རྗེའི་སྣང་མེ་འབར་བ་ནི་མངོན་སུམ་དུ་གྲུབ། དེའི་ཕྱིར་ན་བཀའ་དྲིན་ལ་བསམ་ཤེས་དང་། དྲིན་ལན་རྒྱབ་གཏོད་ཏུ་མ་སོང་བའི་སྙིང་ཁམས་ཀྱིས། ཡ་ཐོག་ཞང་བོད་ཀྱི་ཤེས་རིག་ཆེན་མོའི་སྒྲོམས་གཞི་དེ་ཉིད་ཅི་ནས་ཀྱང་བྷོ་ཏྲའི་གཞོན་རབས་རྣམས་ཀྱིས་འཚོལ་སྙེགས་དང་རྒྱུན་འཁྱོང་དགོས་པ་ནི་ངོ་གནོང་མི་དགོས་ལ་མྱེས་པོས་རིག་གནས་ཀྱི་བགོ་བསྐལ་དེ་ཉིད་ལག་ཏུ་ཐོབ་པའོ། དེར་བརྟེན་འདི་ག་ཁྱུང་ཡུལ་དཔལ་ལྡན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་དཔོན་གསས་བླ་མ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེ་གཙོས་པའི་བླ་སློབ་རྣམ་པའི་ཐུག་ཁུར་རྒྱབ་སྐྱོར་འོག་སྤྱིར་ཞང་བོད་རིག་གནས་ལ་དུང་བ་ཟབ་པའི་རྒན་དར་གཞོན་གསུམ་གྱི་མི་རིགས་རང་ཉིད་ཀྱི་ཤེས་རིགས་རྒྱུན་འཁྱོང་བྱེད་པའི་བཀའ་སློབ་ལམ་སྟོན་གནང་བ་དང་། ལྷག་པར་དུ་འདི་གའི་སློབ་གླིང་དུ་བཞུགས་པའི་གཞོན་རབས་སློབ་མ་རྣམས་ཀྱི་རྩོམ་རིགས་ཀྱི་མཁྱེན་རྒྱ་ཡར་རྒྱས་ཡོང་བའི་ཐབས་ལམ་ལ་དམིགས་ཏེ་ཆར་པ་ཆུ་གྲོགས་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་བོད་ཆུ་མོ་སྦྲུལ་ལོར་༧དཔལ་ལྡན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་ལོ་དེབ་གཙོ་གཉེར་ཁང་ནས། ལོ་དེབ་འདོན་ཐེངས་དང་པོ། ༼རྒྱལ་གྱི་ཐེམ་སྐས།༽ཞེས་པ་འདི་ཉིད་ཀྱི་བརྗོད་བྱའི་ཁ་ཕྱོགས་ས་ནི། ལོ་རྒྱུས་རིམ་བྱུང་གི་ཁ་ཕྱོགས་དང་། སྤྱི་ཚོགས་གནས་བབ་གི་ཁ་ཕྱོགས་གཉིས་སུ་མངལ་དུ་སྦྲུམ་ཏེ་རིག་གནས་ལང་ཚོ་ལྡན་པའི་གར་སྟེགས་གསོན་པོ་ཤིག་ལ་འབད་བརྩོན་མནར་བ་ལས། དང་པོ་ནི། གནའ་རྙིང་གི་ལོ་རྒྱུས་ལྡན་དགོས་ན། དུས་རབས་རིམ་བྱུང་གི་རྒད་པོ་ཞིག་ཏུ་མ་ཆགས་ན་གསར་བྱུང་ལ་རིན་ཐུང་མེད་པ་ཡིན་སྟབས་འདས་པའི་ཨ་མྱེ་ཞང་བོད་མི་རིགས་རྣམས་ཀྱི་བསམ་བློ་བ་དུ་མའི་བཀའ་དྲིན་བཞུར་བ་ལ་བརྟེན་ནས། གནའ་བོའི་བོད་ཀྱི་ཤེས་རིག་འབྱུང་ཁུངས། རང་བྱུང་ཁོར་ཡུག་ངོས་འཛིན་བྱ་ཚུལ་སོགས་རྟག་གཟིགས་འོལ་གླིང་གི་གསས་མཁར་བར་པོ་སོ་བརྒྱད་ཀྱི་དབུས་ནས་སྐུ་འཁྲུངས་པའི་༧རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོས སྲོལ་ཕྱེས་པའི་གཡུང་དྲུང་བོན་གྱི་ཤེས་རིག་འདི་ཉིད་ལས་གཞན་གང་ཡང་འཚོལ་མི་ཐུབ། ཤེས་རིག་དེ་དག་ལ་བརྟེན་ནས། ང་ཚོ་ཞང་བོད་མི་རིགས་ཀུན་ལ་གནའ་ནས་ད་བར་སྐྱབས་འགྲོ། སྙིང་རྗེ། བདེན་སྨྲ། ཚེ་སྔ་ཕྱི། ལས་རྒྱུ་འབྲས། འབྲས་བུ་རྣམ་མཁྱེན་སོགས་ཞང་བོད་ནང་བསྟན་གྱི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་དམ་པ་དེ་དག་གཟི་བརྗིད་སྨྱོན་དུ་མེད་པ་ཨེ་མ་ཧོ། དེར་བརྟེན་གནའ་རྙིང་ཞང་བོད་ཤེས་རིག་ཆེན་མོའི་བརྗོད་བྱ་རུ་བཟུང་ཏེ་ལོ་རྒྱུས་ཀྱི་གཤོག་པ་ཡ་གཅིག་གྲུབ། གཉིས་པ་སྤྱི་ཚོགས་འདི་ལ་ཁ་ཕྱོགས་ཏེ།། འབྱུང་ཆེན་གནད་ལྔའི་སྒྲོམ་གཞིའི་ཐོག་ཏུ་གནའ་དེང་མཁས་མཛངས་གཞོན་ནུའི་དཔྱད་གྱེར་དབྱངས་གསུམ་གྱི་སྤུ་རྒྱལ་ཁ་བའི་ཤེས་རིག་གི་སློབ་གསོ་འཁྱིལ་བའི་ལེའུ་ཞིག་ཏུ་ངེས་པར་དམིགས་ཏེ། ཞང་བོད་རིག་གནས་ཕྱི་མོ་གཡུང་དྲུང་བོན་གྱི་ཤེས་རིག་འདི་ཉིད་དུས་རབས་གསར་པའི་འགྲོས་དང་བསྟུན་ནས་རྒྱུས་ལོན་དང་། ཁྱབ་བསྒྲགས། ངེས་རྟོགས། དཔྱིས་ཕྱིན། དགེ་མཚན་སྔོགས་འདོན་གྱི་ཆོག་ཏུ་མེད་པའི་ལྡེ་མིག་གམ། ཁྱད་པར་དུ་གཤེན་གྱི་དགོངས་མཐིལ་ནང་བསྟན་རིག་པའི་རྣམ་བཞག་ཏེ། ཕུན་སུམ་ཚོགས་པའི་མདོ་སྡེ། རྣམ་པར་དག་པའི་འབུམ་སྡེ། རྨད་དུ་བྱུང་བའི་སྔགས་སྡེ། བླ་ན་མེད་པའི་སེམས་སྡེ་བཅས་ཚེ་ལོ་བརྒྱ་པའི་བསོད་ལྡན་མི་བུའི་བླ་ཡིད་སེམས་གསུམ་གྱིས་འོ་དོད་འབོད་ས་སྟེ་སྐྱོབ་པ་བླ་མེད་ཀྱི་བཀའ་རྒྱུད་དེ་དག་སེམས་གཏིང་དུ་བག་ཆག་འཇོག་པའི་རྒྱུ་རྐྱེན་ཡང་ཡིན་ནོ།། ལྷག་ཏུ་གནའ་བོའི་ཁོར་ཡུག་གི་ཁྲོད་ནས་ཤུལ་ཙམ་ལུས་པའི་རྒྱལ་རབས་བསྟན་འབྱུང་ལོ་རྒྱུས། ཞང་བོད་གནའ་རྙིང་ལྡན་པའི་གནས་དགོན་ཁོར་ཡུག་ངོ་སྤྲོད། འདས་མ་ད་གསུམ་གྱི་རྒྱལ་གཤེན་བསྟན་པའི་གཙུག་རྒྱན། བྲུ། ཞུ། སྤ། རྨེའུ། གཤེན། ཁྱུང་སོགས་སྐྱེས་ཆེན་རྣམས་ཀྱི་ངོ་སྤྲོད། མ་ཟད་ཤར་ལྷོའི་ཕྱོགས་གང་སར་གནས་པའི་ཞང་བོད་ཀྱི་གནའ་བོའི་རིགས་གནས་ལ་དོ་སྣང་ཆེ་བའི་ཆེད་ལས་ཞིབ་འཇུག་པའི་དགོངས་འཆར་ལྷུར་ལེན་བྱེད་ཐབས་དང་། མ་ཚད་མི་རིགས་གཅིག་གི་ནང་བསྟན་ལ་སྨ་འབེབས་བྱེད་རེས་སོགས་ཁ་ཕྱོགས་ནོར་བ་རྣམས་ལ་གོ་བ་ཟབ་མོ་དང་ངེས་ཤེས་ཡང་དག་རྙེད་ཐུབ་པའི་ཀུན་སློང་དང་མཐུན་སྒྲིལ་བཅས་ཀྱི་གཤོག་ཟུང་གཉིས་ལ་བརྟེན་ནས་དམིགས་འདུན་དེ་ལྟར་བཟུང་ཡོད། ལོ་དེབ་འདི་ཡི་རྒྱུད་རིམ་ཁྲོད་དམིགས་གསལ་གྱི་ཐུགས་རྗེ་ཆེ་ཞུ་ཡུལ་ནི། རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱི་མཐའ་ཞུ་བུ་དྭངས་ལི་དང་། ཆབ་མདོ་ས་ཁུལ་རིག་དངོས་ཅུད་ཀྱི་ལྡོང་མདོ་གཡུང་དྲུང་བསམ་འགྲུབ་བཅས་ནས་དཔེ་རྟགས་གི་རམ་འདེགས་གནང་བ་དང་། ལྡོང་མདོ་ལྷ་བྲིས་དབུ་མཛད་ཕུན་ཚོགས་འབྱོར་རྒྱས་ནས་མཚོན་རྟགས་རི་མོའི་ཞལ་འདེབས་གནང་བ་དང་། བསྟན་སྦྱིན་བསྟན་པ་བཀྲ་ཤིས་ནས་སྒོར་༡༠༠༠༠ཕུལ་བ་དང་། སྤྱི་ཚང་སྟག་ལ་བཀྲ་ཤིས་ནས་སྒོར་༥༠༠༠གི་ཞལ་འདེབས་གནང་བ་བཅས་ལ་དམིགས་གསལ་གྱི་ཐུགས་རྗེ་ཆེ་ཞུ་གི་ཡོད་མ་འོང་པར་ཁྱེད་རྣམས་སྐུ་ཁམས་གསལ་དྭངས་ཐོག་ལས་དོན་ལེགས་འགྲུབ་བསམ་དོན་གེགས་མེད་བོན་བཞིན་འགྲུབ་པའི་སྨོན་ལམ་ཡང་ཡང་ཕུལ་བཞིན་ཡོད། མཇུག་ཏུ་ལོ་དེབ་འདི་ཉིད་ལས་རིམ་བཀོད་སྒྲིག་དང་དཔར་འཇུག་སོགས་ཀྱི་ཐད་ལ་རྩོམ་སྒྲིག་ཚོགས་མི་ལྷན་ནས་ཕྱར་གྲུ་མཉམ་འདེགས་ཀྱི་འདི་ལྟར་རྩོམ་སྒྲིག་གྲུབ་ནའང་། ད་དུང་ཆུ་ཚད་ལ་མ་འདང་བའི་ཆ་ཇི་སྙེད་ཅིག་འབྱུང་ངེས་པས་རྒྱ་ཆེའི་མཁྱེན་ལྡན་གཟིགས་མོ་བ་རྣམས་ཀྱིས་ཐད་ཀར་དགེ་འདོན་སྐྱོན་སེལ་གྱི་བཀའ་སློབ་ཅི་ནས་ཀྱང་ཡོང་བའི་བསུ་བ་ཞུ།།

ལོ་དེབ་འདིའི་གཙོ་སྒྲིག་པ་ཉི་རྒྱན་གྱིས་པེ་ཅིང་ནས་བྲིས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།