བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་གསུང་འབུམ་འགྲེམ་སྤེལ་བརྡ་ཁྱབ།

[ཟླ་ཚེས། 2026-08-05 22:22:50][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བབས་སོ་བཞི་ཡི་མངའ་བདག་«བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་གསུང་འབུམ»འགྲེམ་སྤེལ་བརྡ་ཁྱབ།

   དེ་ཡང་མདོ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཉིད་མི་འབྱོན་ཡིག་འབྲུ་འབྱོན། །ཕྱི་རབས་རྗེས་འབྲེང་གང་ཟག་རྣམས། །གསུང་རབ་ཡི་གེའི་འབྲུ་རྟོགས་ལ། །བཀའ་ལུང་ཅི་ལྟར་བྱུང་བཞིན་སྤྱོད། ཅེས་གསུངས་པ་ལྟར་དཔལ་ཀུན་མཁྱེན་ཤར་རྫ་པ་ཆེན་པོའི་དགོངས་གཏེར་དབྱིངས་རིག་རིན་པོ་ཆེའི་མཛོད་ཀྱི་བཀའ་བབས་སློབ་མ་བྱ་བཏང་བླ་མ་ཚེ་དབང་འགྱུར་མེད་ཀྱི་གསུང་རབ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་«བབས་སོ་བཞིའི་མངའ་བདག་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་གསུང་འབུམ»་ཞེས་དཔེ་གཟུགས་ལ་ཐར་པའི་ལམ་བརྒྱད་ཀྱི་མཚོན་དོན་དུ་པོད་བརྒྱད་ཀྱི་བདག་ཉིད་ཅན་འདི་ངེད་བྱ་བཏང་རི་ཁྲོད ༧ དཔལ་གཤེན་བསྟན་དར་རྒྱས་བཀྲ་ཤིས་གླིང་གིས་དཔར་དུ་བསྐྲུན་པ་ཡིན། འདི་ནི་ངེད་ཅག་གིས་བསྒྲུབ་འོས་པའི་བྱ་བ་ཞིག་ཏུ་ཁུམས་ནས་བགྲང་བྱ་དུ་མའི་གོང་ནས་དབུ་བཟུང་སྟེ་ལོ་དང་ཟླ་བ་མང་པོ་ཞིག་གི་དགུན་དུས་ཀྱི་གོང་གསེང་བེད་སྤྱད་དེ་འདི་གའི་དགེ་རྒན་རྣམས་ཀྱི་ཕྱག་རོགས་འོག་རྩོམ་སྒྲིག་ཚན་ཆུང་ཚང་གིས་དག་སྒྲིག་བྱས་པ་ཡིན།
   སྤྱིར་རང་མི་རིགས་ཀྱི་སྐད་ཡིག་རྒྱུད་འཛིན་དང་། སྲུང་སྐྱོབ། དར་སྤེལ་བཅས་གནང་བར་ཐབས་ལམ་མང་པོ་བདོག་པ་ལས། རྒྱལ་དང་རྒྱལ་སྲས་འཕགས་པའི་གསུང་རབ་རིན་པོ་ཆེ་གཙོས་བསིལ་ལྡན་གངས་རིའི་ལྗོངས་ཀྱི་ཆབ་དཔལ་རིག་གསུམ་གྱི་གཞུང་ལུགས་དག་དཔེ་གཟུགས་སུ་བསྐྲུན་རྒྱུ་ནི་ཐབས་ལམ་གལ་ཆེན་གྲས་སུ་གྱུར་ཡོད། བྱ་བཞག་འདི་ནི་མི་རབས་རྗེས་མ་དག་གིས་རང་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་ལོན་བྱེད་པའི་ལམ་ཁ་ཞིག་ཀྱང་ལོས་ཡིན། ལྷག་ཏུ་དེང་གི་དུས་སྐབས་འདིར་མཚོན་ན་གསུང་རབ་དཔར་སྐྲུན་བྱེད་རྒྱུ་གལ་ཆེ་ཤོས་ཡིན་པར་ཀུན་གྱིས་མཁྱེན་གསལ་ལྟར་ལགས།
   དེ་བས་ད་ལན་ངེད་ཅག་བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་གིས་བྱ་བཏང་བླ་མ་ཚེ་དབང་འགྱུར་མེད་མཆོག་གི་གསུང་འབུམ་པོད་བརྒྱད་ཀྱི་བདག་ཉིད་ཅན་འདི་ནི་རིན་ཆེན་སྣ་བདུན་གྱི་གྲངས་སུ་སྦྱར་ནས་སྡེ་ཚན་བདུན་དུ་གྲུབ་ཡོད་དེ། སྡེ་ཚན་དང་པོ་ནི། བབས་བཞིའི་ཟབ་མཛོད་སྐོར་ཏེ། ཟབ་གཏེར་དང་སྙན་རྒྱུད་དགོངས་གཏེར་སོགས་ལས་གྲུབ་པའི་སྒྲུབ་སྐོར་གྱི་རིགས་རྣམས་ཡིན། སྡེ་ཚན་གཉིས་པ་དང་གསུམ་པ་གཉིས་ནི་ཁོང་གི་གཞུང་འགྲེལ་སྔོན་འགྲོའི་ཁྲིད་རིམ་དང་། ཞལ་གདམས། བསླབ་བྱ། མཉམ་མགུར་དག་གིས་གྲུབ་ཡོད། སྡེ་ཚན་བཞི་པ་དང་ལྔ་པ་ནི་སྐྱེས་ཆེན་བླ་མའི་རྣམ་ཐར་དང་གཏེར་འབྱུང་ལོ་རྒྱུས་གཉིས་ལས་གྲུབ་ཡོད། སྡེ་ཚན་དྲུག་པ་དང་བདུན་པ་གཉིས་ནི། གསོལ་འདེབས་དང་བླ་སྒྲུབ་སོགས་ཀྱིས་གྲུབ་ཡོད།  གསུང་འབུམ་ཆ་ཚང་ལ་དཔེ་གཟུགས་པོད་བརྒྱད་ཀྱི་བདག་ཉིད་ཅན་ཏེ། པོད་དང་པོ་སྐུ་གསུམ་ཞིང་སྒྲུབ། པོད་གཉིས་པ་བདེར་གཤེགས་སྟོང་དབང་། པོད་གསུམ་པ་དྲན་པ་དྲག་ཕུར། པོད་བཞི་པ་སྟག་ལྷ་དང་གདུགས་དཀར། པོད་ལྔ་པ་བསམ་ལྷུན་སྒྲུབ་སྐོར། པོད་དྲུག་པ་བླ་སྒྲུབ་སོགས་ལེའུ་ཕྲན་གྱི་སྐོར། པོད་བདུན་པ་ཁྲིད་ཡིག་དང་ཞལ་གདམས་སྐོར། པོད་བརྒྱད་པ་རྣམ་ཐར་དང་ལོ་རྒྱུས་སྐོར་བཅས་ཡིན།
   དེབ་གཟུགས་སུ་འཐོར་བུའི་སྐོར་ལ་ཐབས་ཤེས་གཉིས་ཀྱི་མཚོན་དོན་དུ་དེབ་སྟོད་སྨད་གཉིས་ལས་གྲུབ་པ་འདི་ཉིད་དངོས་སུ་དཔར་སྐྲུན་བགྱིས་པ་མ་ཟད།  སྒྲིག་སྦྱོར་དང་ཞུ་དག་སོགས་གང་ས་ཅིའི་ཐད་ནས་ཞག་སྣེར་ཟླ་མཐུད་དང་ཟླ་སྣེར་ལོ་མཐུད་བྱས་ཏེ། རྩ་བའི་མ་ཡིག་ཤིང་དཔར་དང་བྲིས་མ་རྣམས་གཞི་བཟུང་བའི་ཐོག་ཏུ་གངས་ཅན་པའི་སྐད་ཡིག་རྣམ་བཞག་བརྡ་དག་གི་འགྲོས་དང་བསྟུན་ཅི་ཐུབ་བྱས་པའི་སྒོ་ནས་སྤུས་ཚད་གང་ལེགས་བྱས་པའི་ཁུལ་ཡིན། 
   འདི་ལྟར་པར་བསྐྲུན་བྱས་པའི་དགེ་བའི་བསོད་ནམས་ཚོགས་ཀྱིས་བོད་གངས་ཅན་པའི་ཕ་སྐད་མ་ཡིག་དང་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ལམ་ཁ་འདི་ཉིད་སྔར་ལས་ཡངས་ཤིང་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁྱབ་པ་དང་། སྒོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་སུ་ནད་མུག་གིས་འཇིགས་པ་ཞི་བ་དང་། ཡང་སྒོས་སུ་དམ་པ་ཁོང་གིས་དགོངས་རྟོགས་ཟབ་མོའི་ཡོན་ཏན་ཁྱད་པར་ཅན་དག ། ལས་ལྡན་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་སྨིན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ། །
གསུང་འབུམ་ཆ་ཚང་དཔེ་གཟུགས་ཅན་ལ་སྒོར500
གསུང་འཐོར་བུའི་སྐོར་དེབ་གཟུགས་ཅན་སྟོད་སྨད་གཉིས་ལ་སྒོར58
འབྲེལ་གཏུགས་ཁ་པར་ཨང་གྲངས། 18383667151
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།