«དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས»ཞེས་པ་དེབ་ཕྲེང་བརྒྱད་ཅན་པར་སྐྲུན་མཛད།

[ཟླ་ཚེས། 2026-04-22 22:00:11][རྩོམ་པ་པོ། ཞུ་ཚང་སྐལ་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཤེས་རབ་ཀྱི་ཕྲིན་ལས།

རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་སྔོན་གླེང་དུ་ཕུལ་བའི་གཏམ།

  བསམ་ཞིང་བསམ་ན། ཁྱེད་རང་མི་ཞིག་བྱེད་མྱོང་མིན་ནི་མི་ཡུལ་དུ་མི་ཡི་སྐྱེ་བ་ལེན་མྱོང་མིན་མ་ཡིན་པར། མི་ཡུལ་ཞེས་པའི་སྲིད་པའི་ཁམས་ཆེན་མོ་འདིར་ཁྱེད་ཀྱིས་ལུས་ངག་ཡིད་གསུམ་གྱི་ལེགས་སྐྱེས་རེ་འབུལ་ཐུབ་མིན་ལ་ཐུག་ཡོད། གལ་སྲིད་ཁྱེད་ཀྱིས་མི་ཡུལ་འདིར་རང་ཉིད་ལ་དཔག་པའི་ལེགས་སྐྱེས་རེ་འབུལ་མ་ཐུབ་ཚེ། ཁྱེད་རང་མི་ཡུལ་ནས་ཁ་བྲལ་བའི་ཉིན་དེ་ནས་བཟུང་། རིམ་གྱིས་ཁྱེད་རང་མི་ཡུལ་འདི་ནས་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་ཞིང་། ཁྱེད་ཀྱི་མིང་ཙམ་ཡང་འཇིག་རྟེན་འདིར་གནས་དཀའ་བ་མ་ཟད། ནམ་ཞིག་མི་རྣམས་ཀྱི་སེམས་སུ་ཁྱེད་རང་འཇིག་རྟེན་འདིར་ཡོང་མ་མྱོང་བ་དང་གཅིག་མཚུངས་སུ་འགྱུར་སྲིད། ལྡོག་སྟེ་ཁྱེད་ཀྱིས་མི་ཡུལ་འདིར་ལུས་ངག་ཡིད་གསུམ་གྱི་ལེགས་སྐྱེས་རེ་འབུལ་ཐུབ་ཚེ། ཁྱེད་རང་འཇིག་རྟེན་ནས་གྱེས་ཏེ་ལོ་ཟླ་ཅི་ཙམ་སོང་ཡང་། ཁྱེད་ཀྱི་ཤེས་རབ་ཀྱི་ཕྲིན་ལས་ནི་བསྐལ་པ་མ་འཇིག་བར་དུ་མི་རྣམས་ཀྱི་སེམས་དབུས་སུ་སྒྲོན་མེ་ཚེ་འབར་ཞིག་དང་མཚུངས་པར་གསལ་ལམ་ལམ་དུ་གནས། དེ་ལྟར་ན། ཤེས་རབ་ཀྱི་ཕྲིན་ལས་ནི་ཁྱེད་རང་མི་ཡུལ་དུ་ཡོང་མྱོང་མིན་ཁྱད་པར་གསོན་པོ་དེ་ཡིན་ཞིང་། མཐར་གཏུགས་ན་ཁྱེད་རང་མི་ཞིག་ཡིན་མིན་གྱི་གནད་དམ་པ་ཡང་ཤེས་རབ་ཀྱི་ཕྲིན་ལས་ལ་ཐུག་པ་འདྲ།

གཅིག །སྐལ་པ་བཟང་པོའི་གཏམ་ཐོས་པ།

  ཉིས་སྟོང་བརྒྱ་མེད་ཉི་ཤུ་ལོའི་སོས་ཀའི་དུས་མཚམས་ཤིག་ལ། རྩོམ་པ་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ཕྲན་ལ་གསུང་དོན། ཁོང་གིས་ལོ་ངོ་མང་པོའི་རིང་ལ་རྩོམ་སྒྲིག་མཛད་པའི་རྩོམ་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་པར་སྐྲུན་གནང་འཆར་ཡོད་པ་དང་། ཁྱོན་དེབ་ཕྲེང་བརྒྱད་ཙམ་ཡོད་སྐོར་ནས་གསུང་གླེང་གནང་བྱུང་བ་མ་ཟད། གསུང་རྩོམ་དེབ་ཕྲེང་དེའི་སྔོན་གླེང་འབྲི་རྒྱུའི་སྐལ་པ་ཡང་བདག་ལ་བསྩལ་གནང་བྱུང་། སྤྱིར་རྩོམ་པ་པོ་ཁོང་ལྟ་བུའི་གསུང་རྩོམ་དེབ་ཕྲེང་གི་འགོ་རུ་ཤེས་རབ་ཀྱི་བྱ་བ་དབེན་པའི་བདག་གིས་ལ་བཤད་ལུང་བཤད་ཀྱི་སྤྲོས་པ་བྱ་རྒྱུ་ནི། ཝ་སྐྱེས་ཀྱིས་སེང་གེའི་གད་རྒྱངས་སྒྲོགས་པ་དང་གཉིས་སུ་མ་མཆིས་པའི་ཚོར་བ་ཡང་སྐྱེ་ཡོང་། འོན་ཏེ་བདག་ནི་རྩོམ་པ་པོ་ཁོང་གི་ཐུགས་རྗེའི་གྲིབ་བསིལ་དང་འགྲོགས་ནས་མི་ལོ་བཅུ་ཕྲག་ལྷག་འགོར་ཟིན་ཞིང་། ལོ་ཟླ་དེ་དག་གི་རིང་ལ་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ཕྲིན་ལས་ཀྱི་ཆ་ཤས་གང་མང་ཞིག་ཀྱང་བདག་གི་དྲན་པའི་དབུས་སུ་གནས་བཞིན་ལགས་པས། བདག་ནི་རྩོམ་པ་པོ་ཁོང་དང་བར་ཐག་ཉེ་ཤོས་སམ་རྒྱུས་མངའ་ཆེ་ཤོས་ཀྱི་ཁོངས་སུ་གཏོགས་པར་སྙམ། དེ་བས་བདག་གིས་དག་སྣང་དང་རྟོག་བཏགས། ཁེ་ཕན་དང་ངོ་བསྟོད་ཀྱི་ལྕགས་རི་ལས་བརྒལ་ཏེ། མིག་ཡིད་དབང་པོ་མངོན་སུམ་གྱི་མཐོང་སྣང་གྱུར་པ་གང་དག་ཅིག་དེབ་ཕྲེང་འདིའི་སྔོན་གླེང་དུ་སྤྲིངས་ན་འགལ་བའི་ཁུར་ཆེན་དུ་འགྲོ་དོགས་མེད་པར་སྙམ་པ་ནི། སྐབས་འདིར་བདག་གི་ལག་ནང་དུ་ཡོད་པའི་སྨྱུག་ཤོག་གཉིས་ཀྱི་རྩ་དོན་དུ་སེམས། ཕྱོགས་གཅིག་ནས་བཤད་ན། བདག་ནི་རྩོམ་པ་པོ་ཁོང་གིས་མི་ལོ་བཅུ་ཕྲག་ལྷག་ལ་ཤེས་རབ་ཀྱི་གསོལ་རས་བསྩལ་མྱོང་བའི་སློབ་མའི་གྲལ་མཐའ་བ་ཞིག་ཡིན་པས། སློབ་མ་ཞིག་གིས་དགེ་རྒན་གྱི་གསུང་རྩོམ་དེབ་ཕྲེང་གི་སྔོན་གླེང་བྲིས་པ་ནི་ཅུང་ངོ་མཚར་ཞིག་ཏུ་སྙམ།

གཉིས། རྩོམ་པ་པོ་གླེང་བ།

  རྩོམ་པ་པོ་དང་། དཔེ་ཆ་བ། ཤེས་རབ་པ། ཐ་སྙད་འདི་དག་གི་མཚན་གྱི་ཅོད་པན་མི་ཚེའི་དཔྲལ་བ་རུ་འཆང་མཁན་སྐྱེས་བུ་ཞིག་ཡིན་ཚེ། རྒྱུ་འབྱོར་དབང་གྲགས་ཀྱིས་བསྐྱད་དུ་མི་ཚུགས་ཤིང་། འདོད་པའི་དཔལ་ཡོན་སྣ་ཚོགས་རྒྱབ་ཏུ་བསྐྱུར་བར་བག་མི་ཚ་བའི་གཏོང་ཕོད་ཅན་ཞིག་ཡིན་དགོས་པ་ནི་ཐོག་མའི་ཆ་རྐྱེན་དུ་སེམས། རྩོམ་པ་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་ནི་འཇིག་རྟེན་སྲིད་པའི་ཕུན་ཚོགས་ལ་ཆོག་ཤེས་རབ་ཏུ་ཡངས་པའི་རབ་བྱུང་པ་ཚུལ་མཐུན་ཞིག་ཡིན་པ་མ་ཟད། ལུས་ངག་ཡིད་གསུམ་དཔེ་ཆ་དང་ཁ་བྲལ་མ་མྱོང་བའི་སྐྱེས་བུ་ཞིག་རེད། ཁོང་གི་སྐུ་ཚེའི་ལོ་དང་ཟླ་བ། ཞག་དང་དུས་ཚོད་རེ་རེ་ནི་ཤེས་རབ་ཀྱི་འོད་སྣང་ཅི་དགར་བཞད་པའི་ནམ་ཟླའི་དུས་ཚིགས་རེ་རེ་ཡིན། ཁོང་གིས། གཞོན་ནུ་ནི་མི་རིགས་ཀྱི་མ་འོངས་པ་དང་སྐད་ཡིག་རིག་གཞུང་གི་བདག་པོ་ཡིན་པའི་གཟིགས་སྟངས་ཀྱིས། ལོ་ཆུང་མང་པོའི་རྒྱུད་ལ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་སོན་རྩ་རབ་ཏུ་གནས་པར་མཛད་མྱངས། བོན་འཁོར་རྣམ་པ་གསུམ་གྱིས་ཐུགས་རྒྱུད་རབ་ཏུ་བྱང་བས་འཆད་རྩོད་རྩོམ་གསུམ་གྱིས་སྐལ་ལྡན་གྱི་བུ་སློབ་ཚོགས་ཀྱི་ཤེས་རྒྱུད་དཀྲོལ་དུས་དཀའ་ལས་དང་སྐུ་ཚེགས་ཆེ་ཡང་། སུན་སྣང་ཙམ་ཡང་མི་སྐྱེ་བའི་ཞུམ་མེད་ཀྱི་ཐུགས་གཤིས་དེར་སྙིང་དབུས་ནས་གུས་འདུད་མི་སྐྱེ་རང་སྐྱེ་རེད་ཨང་། ཁྱེད་ལ་མིང་སྣ་ཚོགས་ཤིག་ཡོད་པ་ནི། དགེ་བཤེས་དང་། མཐོ་རམས་པ། ཞིབ་འཇུག་པ། རྩོམ་པ་པོ་སོགས་ཡིན་ཞིང་། ཐ་སྙད་དེ་དག་ནི་ཤེས་རབ་ཀྱི་ཕྲིན་ལས་དང་འབྲེལ་བའི་ཆེ་མིང་འབའ་ཞིག་ཡིན། མ་གཞི་སྐྱེས་བུ་སོ་སོའི་རང་སྟེང་ན་ཞུམ་པ་མེད་པའི་བློ་གྲོས་ཀྱིས་ནམ་ཡང་སྟོངས་ཚེ། ཁྱོད་ལ་གསེར་མདོག་འཚེར་འཚེར་དུ་བྱེད་པའི་མིང་དང་ཁ་ཡིག་ཅི་འདྲ་བཏགས་ཀྱང་། ནམ་ཞིག་མིང་དེ་དག་ནི་ཁྱོད་རང་ཕམ་པར་གཏོང་བྱེད་ངོ་མ་དེ་མི་འགྱུར་བའི་ངེས་པའང་མེད། འོན་ཏེ། རྩོམ་པ་པོ་ཁོང་ནི་ཁེར་ཚུགས་ཀྱི་རྟ་ཕོ་ཞོན་ཏེ། ཤེས་རབ་ཀྱི་རི་གྲོང་ན་ཆས་བཞིན་པའི་ལྗོངས་རྒྱུ་བ་ཞིག་ཡིན་ལ། ཁོང་ལ་མཚོན་ན་ཤེས་རབ་དང་དེའི་ཕྲིན་ལས་ནི་ཡངས་ཤིང་རྒྱ་ཆེ་བའི་ཕ་ས་ཕ་ཡུལ་དེ་ཡིན་པས། ངས་བསམ་པར་ཐ་སྙད་འདི་དག་ནི་སྐུ་ཉིད་ལ་དགོས་སོགས་ཁྱད་པར་བཞི་ཡང་ངེས་པར་ལྡན་འདུག་སྙམ།

གསུམ། གསུང་རྩོམ་ལ་ཉེ་བར་མཇལ་བ།

  «དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས»ཞེས་པ་འདིར་ཁྱོན་དེབ་གྲངས་བརྒྱད་ཀྱིས་གྲུབ་པ་ཞིག་ཡིན་ལ། དེབ་ཕྲེང་འདིར་འཁོད་པའི་གསུང་རྩོམ་རྣམས་དེ་སྔོན་སྤྱི་སྒེར་གང་རིགས་ནས་ཁྱབ་སྤེལ་བྱས་མྱོང་བ་དང་མ་མྱོང་བ་ཡོད་ཚད་ཕྱོགས་བསྡུས་བྱས་པའི་དེབ་ཕྲེང་ཞིག་རེད། དེབ་ཕྲེང་དེ་དག་སྤྱིའི་སྡེ་ཚན་གྱི་དབང་དུ་བྱས་ན་ལོ་རྒྱུས་ཀྱི་སྐོར་དེབ་གཅིག་དང་། ལོ་རྒྱུས་དང་ལམ་འགྲེལ་གྱི་སྐོར་དེབ་གཅིག །བརྡ་སྤྲོད་དང་བོན་གྱི་རྣམ་གྲངས་སྐོར་དེབ་གཅིག །ཡུལ་སྐད་དང་སྙན་རྩོམ་སྐོར་དེབ་གཅིག །བཀའ་འགྱུར་བཀླགས་ཟིན་དང་དཀྱིལ་འཁོར་རྣམ་བཤད་སྐོར་དེབ་གཅིག །རིག་གཞུང་དཔྱད་རྩོམ་སྐོར་དེབ་སྟོད་སྨད་གཉིས། སློབ་གསོ་དང་ཐོར་བུའི་སྐོར་དེབ་གཅིག་བཅས་གྲུབ་པར་མཛད་འདུག་ལ་དེ་དག་གི་ངོ་སྤྲོད་རོབ་ཙམ་འདིར་གླེང་བ་ལ།

  དེབ་ཕྲེང་དང་པོ། «ལོ་རྒྱུས་ཀྱི་སྐོར» དེབ་འདིར་རྩོམ་པ་པོ་གང་ཉིད་ཀྱི་སྐུ་ཚེའི་བྱུང་རིམ་སྟེ། «བགྲང་བྱ་ང་བཞི་ཡན་གྱི་མི་ཚེའི་བྱུང་བ་བརྗོད་པའི་གཏམ་དྭངས་གསལ་ཆུ་ཤེལ་མེ་ལོང» ཞེས་པ་དང་། སྐུ་ཉིད་ཀྱི་བཞུགས་གནས་ཞུ་ཡི་གདན་ས་ཆེན་མོ་གཡུང་དྲུང་སྨིན་གྲོལ་གླིང་གི་ལོ་རྒྱུས་ཏེ། «དབང་ལྡན་ཞུ་ཡི་གདན་ས་ཆེན་མོ་གཡུང་དྲུང་སྨིན་གྲོལ་གླིང་གི་ལོ་རྒྱུས་རབ་གསལ་ཕྲ་མཐོང་ཆེ་ཤེལ»ཞེས་པ་གཉིས་ཀྱིས་གྲུབ་འདུག་ལ། ཁོང་གི་ལོ་རྒྱུས་འདི་ནི་རང་ཉིད་ཀྱི་ལོ་རྒྱུས་རང་ཉིད་ཀྱིས་བྲིས་མཛད་པ་ཞིག་ཡིན་པས་མེད་པ་ལ་ཡོད་པའི་སྒྲོ་འདོགས་སོགས་ཀྱི་སྐྱོན་དང་བྲལ་བར་མ་ཟད། བརྗོད་བྱ་དང་རྗོད་བྱེད་གཉིས་ཆ་ནས་རྒྱས་བསྡུས་རན་ཞིང་། མཁས་པས་གཟིགས་ཀྱང་ནང་དོན་ཟབ་ལ་བླུན་པོས་མཇལ་ཡང་གོ་ཐུབ་པ། ཚིག་སྦྱོར་ལེགས་ཤིང་གསོན་ཉམས་དོད་པས་གཞན་ཡིད་འགུག་ཅིང་དཔེ་སྟོན་ནུས་པ་སོགས་ཐུན་མོང་དང་ཐུན་མིན་གྱི་ཁྱད་བོན་ཧ་ཅང་མང་། དེ་བཞིན་དགོན་པའི་ལོ་རྒྱུས་ཀྱང་ཆགས་ས་གནས་ཀྱི་ཡིན་ལུགས་དང་། ཆགས་པ་དགོན་འདིའི་གནའ་དེང་གཉིས་ཀའི་བྱུང་རབས་ཁ་གསལ་གོ་བདེ་ཅན་དུ་གྲུབ།

  དེབ་ཕྲེང་གཉིས་པ། «ལོ་རྒྱུས་དང་ལམ་འགྲེལ་སྐོར» དེབ་འདིར་ལོ་རྒྱུས་དང་དཀར་ཆག་སོགས་ལོ་རྒྱུས་ཀྱི་རྩོམ་ཡིག་མི་འདྲ་བ་ཉེར་དྲུག་དང་། ལེགས་བཤད་ལམ་རིམ་གྱི་འགྲེལ་པ་གཅིག་བཅས་ཚན་པ་ཉེར་བདུན་གྱིས་གྲུབ་འདུག་ཅིང་། དེ་དག་ཀྱང་དགོན་སྡེ་དང་རི་ཁྲོད་ཀྱི་ལོ་རྒྱུས་དང་། རྟེན་གསུམ་གྱི་དཀར་ཆག །བཤད་སྒྲུབ་འདུས་སྡེའི་བཅའ་ཡིག །གལ་ཆེའི་མི་སྣ་དང་མཛད་སྒོ་ཁག་ཅིག་གི་ངོ་སྤྲོད། འགྲུ་མུ་པ་ཚང་གི་རིགས་རྒྱུད་གྲོལ་ཚུལ་སོགས་ཏེ། གནའ་བོའི་ས་ཁམས་དང་མི་སྣའི་བྱུང་རབས། ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་དང་ངོ་སྤྲོད། མ་འོངས་འབྱུང་འགྱུར་གྱི་དཔྱད་གཞི་དང་ཁུངས་ལུང་སོགས་ལོ་རྒྱུས་རིག་པའི་བརྗོད་བྱ་དང་འབྲེལ་བའི་རྩོམ་ཡིག་རིན་ཐང་ཅན་འབའ་ཞིག་ཏུ་སྣང་། དེ་བཞིན་སྨན་རིའི་མཁན་ཆེན་བསོད་ནམས་གཡུང་དྲུང་གིས་བརྩམས་པའི་ལེགས་བཤད་ལམ་རིམ་གྱི་ཚིག་འགྲེལ་འདི་ཡང་ཚིག་ཉུང་དོན་འདུས་ཁ་གསལ་གོ་བདེ་ཅན་གྱི་ལམ་འགྲེལ་རྨད་དུ་བྱུང་བ་ཞིག་ཏུ་འཁུམས་སོ། །

  དེབ་ཕྲེང་གསུམ་པ། «བརྡ་སྤྲོད་དང་བོན་གྱི་རྣམ་གྲངས་སྐོར» དེབ་འདིར་ནང་གསེས་སྡེ་ཚན་ཆེ་བ་ཁག་གཉིས་ཀྱིས་གྲུབ་པ་ཞིག་རེད། སྡེ་ཚན་དང་པོ་ནི། གཙོ་བོ་བོན་ལུགས་ཀྱི་བརྡ་སྤྲོད་རིག་པ་དང་། བརྡ་སྤྲོད་རིག་པའི་སྒོར་འཇུག་པའི་སྐྱེས་བུ་རྣམས་ཀྱི་བློ་སྒོ་འབྱེད་པའི་ལྡེ་མིག་ཅིག་ཏུ་གྱུར་པ་མ་ཟད། དུས་རབས་ཉི་ཤུ་པའི་ནང་གི་བོད་ཀྱི་མཁས་པ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི«བརྡ་སྤྲོད་སྲིད་པའི་སྒྲོན་མེའི»དགོངས་འགྲེལ་ཞིག་ཏུ་གྱུར་ཡོད། དེར་བརྟེན་གནའ་བོའི་བོན་ལུགས་ཀྱི་བརྡ་སྤྲོད་རིག་པ་དང་འབྲེལ་བའི་སྐད་ཡིག་གི་འཕེལ་རིམ། འབྱུང་ཁམས་ངོས་འཛིན། དབྱངས་གསལ་གྲངས་དབྱེ། རྟགས་ཀྱི་རྣམ་དབྱེ་སོགས་ཆེས་མང་པོ་ཞིག་ནི། བོན་གྱི་དཔེ་རྙིང་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་། བརྡ་སྤྲོད་ཉི་ཤུ་བདུན་པ་སོགས་ཀྱི་དགོངས་དོན་གསེད་དཀྲོལ་གནང་བའི་བརྡ་སྤྲོད་ཀྱི་སློབ་དེབ་ཅིག་ཏུ་གྱུར་ཡོད་ལ། དེ་འབྲེལ་བརྡ་སྤྲོད་དང་འབྲེལ་བའི་རྩོམ་ཡིག་བཅུ་བཞི་ཙམ་བསྡུས་འདུག་པ་འདི་དག་ཀྱང་སྐབས་ཀྱི་གནད་དོན་གལ་ཆེན་རེ་ལ་དམིགས་པའི་ཆེད་རྩོམ་ཁོ་ན་ལགས་པས་ཐུན་མིན་གྱི་ཁྱད་བོན་ལྡན་པ་འབའ་ཞིག་གོ །སྡེ་ཚན་གཉིས་པ་ནི«རྒྱུད་ལུང་ཀུན་ལས་བཏུས་པའི་བོན་གྱི་རྣམ་གྲངས་ཕྱོགས་བསྡུས»ཞེས་པ་དེ་ཡིན་ཞིང་། འདིར་རྣམ་གྲངས་གཉིས་ཚན་ནས་བཅོ་བརྒྱད་ཚན་པའི་བར་གྱི་བོན་གྱི་རྣམ་གྲངས་གང་མང་ཞིག་བསྡུས་ཡོད་པས། བོན་གྱི་རིག་གཞུང་ལ་འཇུག་པའི་མི་རྣམས་ལ་རྒྱུན་ཤེས་ཀྱི་བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་འབྱེད་ཐུབ་པར་མ་ཟད། རྣམ་གྲངས་འགའ་ཞིག་རྒྱུན་ལྡན་དཔེ་ཆ་ཁག་ནང་མཇལ་དུ་མེད་པ་ཡང་བསྡུས་འདུག་པ་ནི་ཐུན་མིན་གྱི་དགེ་མཚན་ཞིག་ཏུ་འཁུམས་སོ། །

  དེབ་ཕྲེང་བཞི་པ། «བཀའ་འགྱུར་བཀླགས་ཟིན་དང་དཀྱིལ་འཁོར་རྣམ་བཤད་སྐོར» དེབ་འདིར«ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ»བཀླགས་པའི་བསྙེལ་ཟིན་ནོར་བུའི་ཐང་མ»ཞེས་པ། གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དེབ་༼༡༠༨༽མཐར་ཆགས་སུ་བཀླགས་པའི་བསྟན་དོན་གལ་གནད་ཆེ་བའི་རིགས་ཟིན་ཐོ་དང་དཔྱད་བརྗོད་མཛད་པ་སྟེ། འདི་འདྲ་མི་གཅིག་གིས་བཀའ་འགྱུར་ཆ་ཚང་དཔེ་ཀློག་དང་འབྲེལ་བའི་གལ་གནད་ཟིན་བྲིས་སུ་ཕབ་པ་ནི་ལོ་རྒྱུས་ཐོག་མཇལ་དཀའ་བའི་རྩོམ་ཡིག་ཅིག་ཡིན་པར་མ་ཟད། མཐོ་རིམ་ཤེས་ཡོན་པའི་སྡེ་ཁག་ལ་མཚོན་ནའང་འདི་འདྲ་བཀའ་འགྱུར་ཆ་ཚང་ལྟ་ཀློག་མི་ཐུབ་པའི་སྐབས་སུ་འཚོལ་བདེ་ཞིང་གལ་ཆེ་བའི་རིགས་དཔྱད་གཞི་མཁོ་འདོན་གནང་བ་ནི་བཀའ་དྲིན་བླ་མེད་དུ་ཆེ། དེ་བཞིན«ཀུན་རིག་ལས་བཞིའི་རྡུལ་ཚོན་དཀྱིལ་འཁོར་རྣམ་བཤད་ལུང་རིག་གཏེར་མཛོད»ཅེས་པ་དང་། «ཀུན་རིག་ལས་བཞི་རྒྱུན་ལྔ་སྤྱི་དྲིལ་རྡུལ་ཚོན་དཀྱིལ་འཁོར་གྱི་རྣམ་བཤད་གསར་བུ་འཇུག་བདེ»ཞེས་པ་གཉིས་ལ་མཚོན་ན་ཡང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་། མཁན་ཆེན་ཉི་མ་བསྟན་འཛིན་རྣམ་གཉིས་ཀྱི་ཐིག་རྩ་དང་འབྲེལ་ས་བོན་ལྷ་དང་ཤན་སྦྱར་སོགས་བཀོད་གནང་བ་འདི་ཡང་དེ་སྔོན་མེད་པའི་སྟོང་ཆ་ཞིག་ཁ་བསྐང་མཛད་པར་གོར་མ་ཆག་ལ། གཞན་འབྲུ་བཀོད་དང་ཤིང་རྩེག་སོགས་ཉེར་མཁོའི་རིགས་ལྟ་བདེ་ཕྱོགས་གཅིག་ཏུ་བཀོད་པའི་དགེ་མཚན་ཡང་དེ་བཞིན་ཆེའོ། །

  དེབ་ཕྲེང་ལྔ་པ། «ཡུལ་སྐད་དང་སྙན་ངག་གི་སྐོར» དེབ་འདིར་ཞང་ཞུང་སྒོ་པའམ་ཁམས་ཁྱུང་པོའི་ཡུལ་སྐད་སྐོར་ཕྱོགས་སྒྲིག་གནང་བ་སྟེ། སྐབས་དོན་བརྗོད་བྱ་མི་འདྲ་བའི་རིགས་རྣམས་སྡེ་ཚན་སོ་སོར་ཕྱེས་པའི་ལེའུ་ཉེར་བཞིའི་བདག་ཉིད་ཅན་དང་། དེ་སྔར་གཞུང་སྒེར་གྱི་དེབ་སྣ་ཚོགས་སྟེང་སྤེལ་བ་དང་མ་སྤེལ་བའི་སྙན་ངག་གི་སྡེ་ཚན་སྟེ། རྩོམ་ལུས་ལ་བཅད་ལྷུག་སྤེལ་མ་གང་རིགས་དང་། འབྲི་ཐབས་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་ཚིག་རྒྱན་སྣ་ཚོགས་སུ་བྱས་པའི་བརྗོད་བྱ་སྣ་མང་ཅན་ལ། དེ་དག་ཀྱང་རིགས་ཀྱི་དབང་དུ་བྱས་པའི་བསྟོད་རྩོམ་དང་། དགུང་སྟོན། རྗེས་དྲན། སློབ་གསོ། ཀ་རྩོམ། ཐོར་བུ། ལྷུག་རྩོམ། ཤིས་སྨོན་བཅས་སྡེ་ཚན་ཆེན་པོ་བརྒྱད་ལས་གྲུབ་པའི་ཁྱད་ལྡན་སྙན་ངག་གི་རིགས་རྣམས་བསྡུས་ཡོད། ལྷག་པར་ཡུལ་སྐད་ཀྱི་སྐོར་འདི་དམངས་སྲོལ་རིག་པ་སྔོག་འདོན། དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། མི་རིགས་རིག་གནས་ཀྱི་ངོ་བོ། སྤྱི་ཚོགས་འཕེལ་འགྱུར་གྱི་གནས་བབ་སོགས་ལ་དོན་སྙིང་ཧ་ཅང་ཆེ་བ་བཅས་ཡིན། མི་རིགས་རིག་པའི་གནས་བབ་ཀྱི་ངོས་ནས་གླེང་ན། མི་རིགས་དང་ས་ཁམས་ཀྱི་ཁྱད་གཤིས་མངའ་བའི་སེམས་ཁམས་ཀྱི་འདུ་ཤེས། རྒྱུན་སྤྱོད་འཚོ་བའི་ཁྲོད་ཀྱི་རང་བྱུང་ཁམས་ཆེན་པོར་བཟུང་བའི་ལྟ་ཚུལ་སོགས་སྲོལ་རྒྱུན་གྱི་གྲུབ་ཆ་སྣ་ཚོགས་པ་ཞིག་གིས། མི་རིགས་དེའི་ངོ་བོ་དང་ཁྱད་གཤིས། ལངས་ཕྱོགས། རྣམ་པ་བཅས་གསལ་སྟོན་དུ་བྱས་པ་ཡིན་པས། འདི་དང་འདི་ལྟ་བུའི་རིག་གནས་ཀྱི་རྩ་ལག་གང་མང་ཞིག་གཞུང་ལས་ཁང་གི་དགེ་རྒན་དང་། རྔམས་ཁ་མཐུག་པའི་དཔེ་དེབ་གི་གསེང་ནས་ཚུར་ལེན་བྱ་རྒྱུ་ཡོད་པ་ཞིག་མིན་པར། ཞིང་འབྲོག་གི་རྒན་རྒོན་དཀྱུས་མ་དག་གི་སྐད་ཆའི་གདངས་དང་། འཚོ་བའི་གསེང་། སེམས་པའི་གཏིང་རིང་ནས་མར་རྩམ་གྱི་དྲི་ངད་ལྷན་དུ་ལྡང་ཡོང་བ་ཞིག་ཡིན་པས་རིན་ཐང་དཔག་མེད་དུ་ཆེ་བ་ཡིན།

  དེབ་ཕྲེང་དྲུག་པ་དང་བདུན་པ། «རིག་གཞུང་དཔྱད་རྩོམ་གྱི་སྐོར» ཀ ཁ དཔྱད་རྩོམ་ཀ་པར་དཔྱད་རྩོམ་བཅོ་ལྔ་དང་། དཔྱད་རྩོམ་ཁ་པར་རྩོམ་དེབ་ཕྲེང་བཞི་པར་དཔྱད་རྩོམ་སོ་བདུན་ཙམ་བསྡུས་འདུག །རིག་གཞུང་དཔྱད་རྩོམ་འདི་དག་ནི་རྩོམ་པ་པོ་ཁོང་ཉིད་ཀྱིས་གཞི་རྩའི་ཚབ་མཚོན་དུ་གྱུར་པའི་རྩོམ་ཡིག་འབའ་ཞིག་ཡིན་པའི་ལྟ་ཚུལ་ཞིག་བདག་ལ་སྔར་ནས་ཡོད། ཅི་སྟེ་རྩོམ་པ་པོ་ཁོང་ཉིད་བོན་གྱི་གྲྭ་ས་གོང་མ་གཙང་བཀྲ་ཤིས་སྨན་རི་གླིང་གཙོས་པའི་སློབ་གླིང་ཁག་ལ་འགྲིམས་ཏེ། དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་པ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་མཐོ་རམས་པའི་ཕྱག་ཁྱེར་བཞེས་པ་སོགས། རྩོམ་པ་པོ་ཁོང་གི་སྔོན་མའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཞིབ་འཇུག་རིག་པ་གཉིས་ཀའི་སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་བ་དང་། ཤེས་རབ་ཀྱི་རྣོ་དབལ་ངར་དང་ལྡན་པ་བཅས་ནི། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཙོས་པའི་རིག་པའི་གཞུང་ལུགས་ཁག་ལ་ཚད་མཐོའི་སློབ་གཉེར་གནང་བ་ལས་བྱུང་བ་ནི་ཧ་ཅང་གཏོས་ཆེན་དུ་གྱུར་ཡོད་པས་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། རིག་གཞུང་དཔྱད་རྩོམ་འདི་དག་ལ་བླ་ན་མེད་པའི་དགེ་མཚན་ཞིག་ཡོད་པ་ནི། ཕྱོགས་འཛིན་གྱི་བསམ་བློས་མ་བསླད་པ་དང་། ཞེན་གོག་གི་ཨུ་ཚུགས་ཀྱིས་མ་བཙེར་བའི་སྒོ་ནས། སྟོན་པ་སངས་རྒྱས་ནས་དབུ་བརྩམས་ཏེ་རྗེས་འཇུག་མཁས་པ་གང་དག་གི་རིག་གཞུང་གི་ལྟ་ཚུལ་ཡོད་ཚད་འདྲ་མཉམ་གྱི་ལྟ་བ་བསྣམས་ཏེ་གསལ་གསལ་རྗེན་རྗེན་གྱིས་ཀློག་པ་པོའི་མིག་སྔར་བཀྲམ་ཡོད་པ་དེ་ཡིན། དེ་ལྟར་མིན་པར་རང་གི་ཞེ་འདོད་ཉི་ཚེ་བ་དང་། མཁས་པ་ག་གེ་མོའི་འདོད་སྟངས་ཙམ་ལ་འཛིན་པ་ཨ་འཐས་སུ་སོང་བའི་ཡིག་ཚོགས་ཕལ་མོ་ཆེ་ནི་དཔྱད་རྩོམ་ཞེས་པའི་ཐ་སྙད་ཀྱི་རྟེན་དུ་ནམ་ཡང་སྤང་བར་འོས། དཔེར་མཚོན་ཙམ་གླེང་ན། རྩོམ་པ་པོ་ཁོང་གི་རིག་གཞུང་དཔྱད་རྩོམ་གི་རྒྱུ་ཆ་མང་ཆེར་བར། སྟོན་པ་སངས་རྒྱས་ཀྱི་བཀའ་ལུང་ནས་འཁྲུངས་ཚུལ། གདུང་ཚོབ་མུ་ཆོའི་བཀའ་བརྟེན་ལས་གསལ་ཚུལ། འཛམ་གླིང་མཁས་པའི་རྒྱན་དྲུག་གི་འདོད་ཚུལ། མཁས་པ་མི་བཞིའི་བསྟན་བཅོས་ལས་འཁོད་ཚུལ། ལི་ཤུ་དང་དྲན་པའི་གསུང་རབ་ཀྱི་བསྟན་ཚུལ། བྲུ་ཞུ་སྤ་རྨེའུ་གསུང་རྩོམ་ལས་མཐོང་ཚུལ། མཉམ་མེད་ཡབ་སྲས་ཀྱི་ཡིག་ཆའི་རྣམ་བཞག་སོགས་རིག་གཞུང་གི་ལྟ་ཚུལ་རྣམས་ནི། ལོ་རྒྱུས་ཀྱི་འཕེལ་རིམ་དང་ལྷན་དུ་ཆས་པའི་མཁས་པ་སྔ་ཕྱིའི་བར་གྱི་རིག་གཞུང་གི་ལྟ་བ་ཁག་ལ་གསང་རྒྱ་ཡངས་པོར་ཕྱེས་ཡོད་པ་དེ་ཁོང་གི་རིག་གཞུང་དཔྱད་རྩོམ་གྱི་ཁྱད་གཤིས་གཙོ་བོ་དེ་ཡིན།

  དེབ་ཕྲེང་བརྒྱད་པ། «སློབ་གསོ་དང་ཐོར་བུའི་སྐོར» དེབ་འདིར་ཁྱོན་རྩོམ་ཡིག་ང་བཅུ་ང་ལྔ་ཙམ་འཁོད་འདུག་ལ། རིག་གནས་དང་ལུགས་སྲོལ་སྣ་ཚོགས་རྙོག་འཛིང་ཅན་གྱི་དུས་རབས་འདི་རུ། ཆེན་པོ་ལུགས་གཉིས་ཀྱི་ཕྱོགས་གཅིག་ལ་མ་ལྷུང་ཞིང་དམ་པ་ལྷ་ཆོས་ཀྱི་རྨང་གཞི་ལ། འཇིག་རྟེན་མི་ལུགས་ཀྱི་ཐབས་ཚུལ་དེ་ཉིད་གལ་འགངས་ཤིན་ཏུ་ཆེ་ཞིང་། དེ་བཞིན་སློབ་གསོའི་བྱ་བ་ལའང་མཐའ་གཅིག་ལ་མ་ཞེན་པར་བླང་དོར་གྱི་སྒོ་འཕར་ཡངས་པོར་ཕྱེས་པ་སྟེ། ཆེ་བ་ལྷག་པའི་བསླབ་པ་གསུམ་གྱི་གནང་བཀག་སྲས་བཅས་རྒྱལ་བའི་དགོངས་པ་ཇི་ལྟར་བཀྲལ་བར་མ་ཟད། ཆེན་པོ་སྲིད་ཁྲིམས་ཀྱི་ཆོས་དོན་དགོངས་འགྲེལ་ཡང་སྐབས་དང་དུས་སུ་མཁོ་བའི་ཚད་མཐོའི་དཔྱད་རྩོམ་ཞིང་ལྗོངས་ལྔ་ཡི་ནང་ནས་ཕུལ་བྱུང་གི་རིན་ཐང་ཅན་གང་མང་ཞིག་སྤེལ་བ་ཡང་མཁས་དང་གོ་མིང་ཅན་ཕལ་གྱིས་འཁྱོངས་དཀའ་བའི་ཚོད་དུ་གྲུབ་ཡོད་ལ། དེ་བཞིན་དུས་དང་སྐབས་སུ་བབ་པའི་དགོས་མཁོའི་རྩོམ་ཡིག་ཐོར་བུའི་རིགས་རྣམས་ཀྱང་གདུལ་བྱ་གང་ལ་དེ་འདུལ་གྱི་དུས་ཐོག་ཆར་པའི་རང་བཞིན་ཅན་རྨད་དུ་བྱུང་བ་ཉག་གཅིག་ཏུ་མཐོང་ངོ་། །


བཞི། མཇུག་དོན་བསྡུ་བ།

  དེབ་ཕྲེང་འདིར་རྩོམ་པ་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གི་དེ་སྔའི་ཕྱག་རྩོམ་ཕལ་མོ་ཆེ་རྣམས་བསྡུ་སྒྲིག་མཛད་པའི་ཆེད་རྩོམ་དེབ་ཕྲེང་ཞིག་ཡིན་པས། འདི་ནི་རྩོམ་པ་པོ་ཁོང་དང་། ཁོང་གི་ཀློག་པ་པོ་རྣམས་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཞིག་རེད། གལ་སྲིད་འབྱུང་འགྱུར་རྩོམ་པ་པོ་ཁོང་གི་ལྟ་བ་དང་། སྙིང་སྟོབས། ཤེས་རབ་བཅས་ལ་ཞིབ་འཇུག་ཀྱི་བྱ་བ་ཞིག་རྩོམ་པའི་དབང་དུ་བཏང་ཚེ། འདི་ལས་ལྷག་པའི་དཔྱད་གཞི་གཞན་ཞིག་འཚོལ་དུ་མེད་ལ། འདི་ནི་མཁས་པ་དང་བླ་སྤྲུལ་གཞན་གྱི་གསུང་འབུམ་ཕལ་མོ་ཆེ་དང་མི་འདྲ་སྟེ། དེ་དག་མང་ཤོས་ཤིག་ནི་རྩོམ་པ་པོ་ཚེ་ཡི་འཕེན་པ་རྫོགས་རྗེས་ཁྱབ་སྤེལ་བྱས་པ་ཤ་སྟག་ཡིན་ལ། གཞན་རྣམས་ནི་ཚན་པ་ཁག་དང་འདུས་གྲྭ་སོ་སོས་གཉེར་སྐྱོང་ལས་གྲུབ་པ་ཁོ་ན་ཡིན་པས་རྩོམ་དེ་དག་ཏུ་འཁོད་པ་ཐ་དག་རྩོམ་པ་པོ་དེ་དང་དེའི་ལྟ་བ་དང་རིན་ཐང་མཚོན་ཐུབ་པའི་ངེས་པའང་དཀའ། ལྡོག་སྟེ་དེབ་ཕྲེང་འདིར་མཚོན་ན། འབྲེལ་ཡོད་ལས་དོན་ཡོད་ཚད་རྩོམ་པ་པོ་རང་ཉིད་ཀྱིས་རང་འགན་རང་ཁུར་གྱིས་གྲུབ་པ་ཁོ་ནར་ལགས་པས། འདིར་ཕལ་དང་ཕལ་གྱི་བརྩམས་ཆོས་དང་མ་འདྲ་བའི་ཁྱད་གཤིས་ཤིག་གྲུབ་ཡོད་པ་ནི། དོན་གྱི་གནད་ཀ་དང་། ཚིག་གི་སྡེབ་སྦྱོར། བརྡ་དག་གི་འགྲོས་དང་བཅས་པའི་དེབ་ཕྲེང་འདིའི་ལུས་སྲོག་རྒྱན་གསུམ་དང་བཅས་པ་མི་གཞན་གྱི་འདོད་དབང་གི་བཅོས་ལྷད་ཅི་ཡང་ཞུགས་མེད་པ་དེའོ། །དེ་ནི་རང་ཚུགས་ཀྱིས་འགྲེང་བའི་རྩོམ་པ་པོ་ཞིག་ལ་མཚོན་ན་དགེ་མཚན་བླ་ན་མེད་པ་ཞིག་རེད་ཅེས་བརྗོད་ཆོག་པར་འདོད་དོ། །

  ཀློག་པ་པོ་ལགས། བསྐྱར་དུ་གསོན་དང་། མི་ཡུལ་གྱི་སྐྱེ་བོ་ཡོད་ཚད་འདོད་ཡོན་རྣམ་ལྔའི་དབང་བསྒྱུར་གྱི་བྲན་དུ་ཚུད་དྲགས་པས་དབང་བསྒྱུར་དེའི་ཤུགས་རྐྱེན་འོག་ནས་མི་རིགས་གཞན་འགྱུར་དང་། རིག་གནས་གཏོར་བརླག །སྲོལ་རྒྱུན་ཉམས་རྒུད། སྐད་ཡིག་ཆག་འཇིག་གི་གནས་བབ་ཟམ་མི་ཆད་པའི་འོག་ཏུ། འདས་ལོ་བརྒྱ་སྟོང་གི་རིང་ཁ་བ་གངས་ཅན་པའི་བླ་ཡིད་སྲོག་གསུམ་དང་ལྷན་དུ་ཆས་པའི་ཤེས་རིག་གི་རྩ་ལག་གང་དག་ནུབ་རིའི་རྩེ་མོ་ནས་བཞུད་ལ་ཉེ་བའི་དུས་སྐབས་འདིར། རྩོམ་པ་པོ་ཁོང་དང་ཁོང་ལྟ་བུའི་སྐྱེས་བུ་ཉུང་ཤས་ཤིག་གིས། ཁ་བ་རི་པའི་བླ་ཡིད་ཚེ་སྲོག་གི་དབུགས་རྒྱུན་རིང་དུ་བཏང་བའི་མཛད་པ་འདི་དག་ལ་སྙིང་དབུས་ནས་གུས་འདུད་ཞུ་འོས་པའི་གནད་ཅིག་མ་ཡིན་ནམ། མཐར་རྩོམ་པ་པོ་ཉིད་ཀྱི་ཤེས་རབ་ཀྱི་ཕྲིན་ལས་འདི་ཉིད་གནམ་ས་བར་སྣང་བཞིན་ཡངས་ཤིང་རྒྱ་ཆེ་བའི་སྨོན་འདུན་གྱིས་མཚམས་སྦྱར་ཏེ། ཉིད་ཀྱི་སློབ་མ་ཡོངས་ཀྱི་གྲལ་མཐར་གནས་པ་ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས། སྤྱི་ལོ༢༠༢༠་༧་༡ཉིན་རང་དགོན་ཅོང་རི་བྱ་དུར་གླིང་གི་རང་ཤག་ནས་རྫོགས་པར་བྲིས་ཤིང་༢༠༢༦་༡་༡༣ཉིན་སླར་ཁ་གསབ་དང་བཅས་ཏེ་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།