གདོང་བཙུན་རྒྱ་ཐར་གྱི་དེབ་གསར་གཉིས་འགྲེམ་བརྡ།

[ཟླ་ཚེས། 2026-03-19 19:00:24][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   

   ནམ་ཡང་རྩོམ་རིག་ལ་དགའ་ཞེན་ཆེ་ཞིང་དཔྱོད་ཤེས་ཀྱི་བློ་རིག་གློག་ལས་མྱུར་བའི་ཀློག་པ་པོ་ཡོངས་ལ་ཆེད་ཞུ། རྩོམ་ཡིག་འབྲི་བ་ནི་རང་གི་མི་ཚེའི་དགའ་ཕྱོགས་ཤིག་ཏུ་ཆགས་ཡོད་པས།  འདས་པའི་ལོ་གསུམ་གྱི་སྔོན་དུ་རང་རྩོམ་ཕྱོགས་བསྒྲིགས«འཕྲུལ་ཡིག་བཞི་བཅུའི་རང་སྒྲ»པོ་ཏི་བརྒྱད་ཀྱི་བདག་ཉིད་ཅན་ཞིག་པར་སྐྲུན་དང་འགྲེམ་སྤེལ་བྱས་ཟིན་པ་དང་།   ད་ལན་ཡང་རང་གི་རྩོམ་ཡིག་དེབ་ཕྲེང་དགུ་བ«པོ་ཏི་ཨུ་དཔལ་འདབ་དགུ»ཞེས་པ་དང་།  དེབ་ཕྲེང་བཅུ་བ«གཤེན་གྱི་ལེགས་བཤད་རྣ་བའི་བཅུད་ལེན་གྱི་འགྲེལ་བ་ཚངས་སྲས་ངག་གི་དབྱངས་སྙན»ཞེས་པ་གཉིས་མི་འགྱང་བར་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱ་འཆར་ཡིན།  
   དེབ་དགུ་བའི་ནང་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རིམ་ཉུང་བཏུས་དང་འབྲེལ་ཏེ་ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་པའི་བྱུང་བ་མདོ་ཙམ་བརྗོད་པ་དང་། བདག་གི་བཅད་རྩོམ་ཆེས་རིང་ཤོས་མཁས་དབང་བོན་བརྒྱ་ཚང་རྗེས་དྲན་དུ་བྲིས་པའི«རྟོགས་བརྗོད་བོན་ཡིག་སུམ་བརྒྱ་བ»ཞེས་ཤོ་ལོ་ཀ་བརྒྱ་དང་ཉེར་ལྔ་ཅན།   «ཡིན་ལུགས་བོན་ཡིག་ཆིག་བརྒྱ་སུམ་ཅུ་བ»ཞེས་ཤོ་ལོ་ཀ་བརྒྱ་དང་སུམ་ཅུ་ཅན་གྱི་བོན་འབྲེལ་བཅད་རྩོམ་རིང་ཤོས་ཤིག་དང་།  ཞང་བོད་རིག་གཞུང་ཞིབ་འཇུག་་དཔྱད་གླེང་ཚོགས་འདུ་སྐབས་གསུམ་པའི་ཚོགས་ཐོག་ཏུ་སྒྲོག་སྦྱོང་བྱས་པའི་«འཕྲུལ་ཡིག་དང་འཕྲུལ་ངག་འཕྲུལ་གྱི་སླག་པ་ལ་སོགས་པའི་བོན་འབྲེལ་ཐ་སྐད་སྐོར་ཞིག་གི་གླེང་སློང»རྩོམ་ཡིག་ཅིག་དང་།  སྣང་ཞིག་དགོན་བཤད་སྒྲུབ་སློབ་གླིང་གི«གངས་རྒྱལ་ཏི་སེ» ལོ་དེབ་པར་ཐེངས་གསུམ་པར་བཀོད་པའི«མཆོད་པའི་ཡ་སྟེགས་ལྡན་པ་རྣམ་ལྔ་གླེང་བ»ཞེས་ཡར་དཀོན་མཆོག་མཆོད་པའི་ལག་ལེན་རྣམ་པ་ལྔ་ཡི་ངོ་བོ་ངོས་འཛིན་སོགས་ཀྱི་སྐོར་ནས་འཕྲོས་པའི་རྩོམ་ཡིག་ཅིག   ནང་པ་གཤེན་རབ་པ་ཞིག་ཡིན་ན་ངེས་ཅན་དུ་ཤེས་དགོས་པའི་སྐོར་ནས་གྲོས་མོལ་བྱས་པ«བོན་གྲོགས་ལྷན་འཛོམས་ཚང་ལ་བཤད་པའི་གཏམ»ཞེས་པ་ལ་སོགས་ནང་གསེས་སུ་ལེ་ཚན་མི་འདྲ་བ་དགུ་ཡིས་གྲུབ་ཡོད་ལ། 
   དེབ་བཅུ་བ«གཤེན་གྱི་ལེགས་བཤད་རྣ་བའི་བཅུད་ལེན་གྱི་འགྲེལ་བ་ཚངས་སྲས་ངག་གི་དབྱངས་སྙན»ཞེས་མཁས་པའི་གྲགས་པས་ས་ཆེན་བཟུང་བའི་གཤེན་མཁས་ཤཱི་ལ་དྷྭ་ཛ་ཞེས་པའམ། གཤེན་གྱི་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་ཚང་གིས་མཛད་པའི«གཤེན་གྱི་ལེགས་བཤད་རྣ་བའི་བཅུད་ལེན»ཞེས་རྩ་བ་ཤོ་ལོ་ཀ༼༡༤༦༽ གི་བདག་ཉིད་ཅན་གྱི་ལེགས་བཤད་གྲགས་ཅན་དེ་ལ་གོ་ཤིན་ཏུ་བདེ་བའི་ལམ་ནས་འགྲེལ་བ་བཏབ་པ་ཞིག་ཡིན་ལ།  འདི་ནི་གཤེན་གྱི་ལེགས་བཤད་རྩ་ཆེན་དེ་ལ་འགྲེལ་བ་བཏབ་པ་ཆེས་ཐོག་མའང་གྱུར་ཡོད་པ་འདྲ་བས། ང་ཚོས་ལོ་རྒྱུས་སུ་གཤེན་གྱི་ལེགས་བཤད་མང་པོ་ཞིག་ལ་རྩ་འགྲེལ་མེད་པའི་སྟོང་ཆ་ཕྱོགས་གཅིག་བསྐངས་ཐུབ་སོང་ཞེས་བཤད་ན་ཐལ་མི་ཆེ་སྙམཔའི་སྤྲོ་བ་དང་གདེང་ཚོད་མཉམ་དུ་སྐྱེས།  ལེགས་བཤད་འདི་ཉིད་དོན་ཚན་ཆེན་པོ་བདུན་གྱིས་གྲུབ་ནས་ཡོད་ལ།  དེ་ཡང་བོན་གྱི་མི་སྣ་གལ་ཆེན་སྐོར་ཞིག་དང་།  ལོ་རྒྱུས་གནད་ཆེན་ཁག་གཅིག   དེ་བཞིན་དུ་སྐྱེས་བུ་དམ་པ་རྣམས་དང་།   ཕལ་བའི་རིགས། ཐ་ཤལ་བ་དག་གི་སྤྱོད་ལམ་སྣ་མང་ཐད་ཀར་བསྟན་ཏེ།   བཟང་སྤྱོད་ངན་དོར་གྱི་དགེ་མཚན་མང་པོ་དཔེ་དང་དོན་གྱི་ལམ་ནས་བསྟན་ནས་ཡོད་ལ།  དེ་ལྟ་བུའི་དོན་ཚན་རེ་རེ་གོ་བདེ་བའི་ལམ་ནས་འགྲེལ་བ་གང་ལ་གང་འཚམ་རེ་བཏབ་ཅིང་ཚིག་ཉུང་དོན་འདུས་ཤིག་ཡོང་བར་འབད་འབུངས་བྱ་ཅི་ཐུབ་གནང་ཡོད། འདི་དང་འདི་ལྟ་བུའི་ལེགས་བཤད་རྣམས་ནི་མཁས་པ་རྣམས་ཀྱི་གསུང་གི་ཉིང་བཅུད་འབའ་ཞིག་དང་། ཐུགས་ཀྱི་བཞེད་དོན་གནད་བསྡུས་ལྟ་བུ་མཐོང་བས། རང་གཞན་ཚང་མས་ལེགས་བཤད་འདི་རིགས་ལ་དོ་སྣང་དང་ཉམས་ལེན། སློབ་སྦྱོང་དང་གཅེས་སྤྲས་མི་དོར་བ་བྱ་རྒྱུ་ནི་ཆེས་གལ་ཆེན་དུ་མཐོང་སོང་། འདས་པ་དང་ད་ལྟ་གང་གི་སྐབས་ཡིན་རུང་ཆོས་གྲུབ་གཞན་དང་གཞན་གྱི་ལེགས་བཤད་ཀྱི་བསྟན་པ་དར་ཞིང་མཛད་འཕྲིན་ས་ཁྱབ་རྡོ་བརྡལ་དུ་གྱུར་ནས་ཡོད་ན་ཡང་། རང་རེ་གཤེན་གྱི་ལེགས་བཤད་མང་པོ་ས་འོག་གི་གསེར་བཞིན་དུ་གབ་དང་བསྐུངས་ནས་འདུག་པ་ལས།  མཁས་པའི་འཆད་ཁྲིད་ཀྱི་ཁྲོད་དང་། བླ་མའི་བཀའ་སློབ་ཀྱི་ནང་།  རྩོམ་པ་པོ་དག་གི་བརྩམས་ཆོས་ཀྱི་གསེང་དང་།  གཏམ་བཤད་མཁན་པོ་རྣམས་ཀྱི་ལྗགས་ཀྱི་རྩེ་མོ་སོགས་ནས་ཐོས་པ་རབ་ཏུ་དཀོན་ཞིང་མཐོང་བ་ཧ་ཅང་ཉུང་བས་ཤིན་ཏུ་ཕངས་པར་གྱུར། དེ་བས་ད་ལན་འབྱུང་འགྱུར་གྱི་ཆར་ཀུན་ཏུ་གཤེན་གྱི་ལེགས་བཤད་ཀྱི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་ཞིང་། གཤེན་གྱི་ལེགས་བཤད་ཀྱི་མཛད་བཟང་འགྲན་ཟླ་བྲལ་བ་དག་གནམ་འོག་གི་རྒྱལ་ཁམས་ཡོངས་སུ་ཁྱབ་པའི་སྨོན་འདུན་ཞིག་གི་ཚུལ་དང་།  གཤེན་གྱི་ལེགས་བཤད་རིག་གནས་རྩ་ཆེན་འདི་ལ་ཞབས་ཕྱི་ཕྲན་བུ་ཞིག་གི་བཟོ་ཡིས་འདི་ལ་འབད་ཅིང་འདི་ཉིད་བཀྲམ་པ་ལགས་ན།  གཤེན་གྱི་ལེགས་བཤད་མང་པོའི་རིན་ཐང་ཟབ་མོ་ངོས་ཟིན་ཅིང་། དོན་དང་ལྡན་ལ་ཚིག་གི་སྙན་ཆས་བརྗིད་པའི་ལེགས་བཤད་འདི་རིགས་ལ་དགའ་བོ་ཡོད་པ་དག་གིས་དེབ་གསར་འདི་གཉིས་ལ་རྒྱུས་ལོན་བྱ་འདོད་ན།
ཁ་པར་ཨང་གྲངས།   13990411667  ལ་འབྲེལ་གཏུག་ཞུས་ཏེ་བླུ་ཉོ་གནང་ཆོག་ལ།

སྐད་འཕྲིན་གཤེར་རིས་བརྒྱུད་ནས་བླུས་ཀྱང་ཆོག་པ་ཡིན།

༧ དམུ་རིགས་གཤེན་གྱི་གདུང་འཛིན་ཆེན་མོ་༧སྐྱབས་རྗེ་གཤེན་སྲས་ཤེས་རབ་ཚེ་དབང་རིན་པོ་ཆེ་མཆོག་དང་

༧ སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གནང་བའི་ཤིས་ཚིག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།