གོང་རྒྱལ་དགོན་གྱི་དཔེ་རྙིང་འགྲེམ་སྤེལ་བརྡ་སྦྱོར།

[ཟླ་ཚེས། 2023-12-04 08:53:27][རྩོམ་པ་པོ། གོང་རྒྱལ་དགོན་དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཉག་རོང་རྫོང་གོང་རྒྱལ་དགོན་ནི་ལོ་རྒྱུས་ཀྱི་ཕུགས་རིང་བའི་གནའ་བོའི་དགོན་རྙིང་ཞིག་སྟེ་ལྡེབ་རིས་ཀྱི་སྒྱུ་རྩལ་དང་ཤིང་པར་གྱི་ལག་རྩལ། གནའ་དཔེ་ཡི་ཁྱད་བོན། འཇིམ་བཟོའི་འདམ་སྐུ། མདོར་ན་གནའ་བོ་ཞང་ཞུང་རིག་གནས་ཀྱི་བྲོ་བ་ཚོར་ཐུབ་པའི་རིག་རྫས་རྩ་ཆེན་དེ་དག་ནི་ལོ་རྒྱུས་ཀྱི་གོད་ཆགས་དང་རིག་གནས་ཀྱི་དཀྱོགས་མཚམས་སྐབས་སུ་ཞུམ་མེད་ཀྱི་སྙིང་སྟོབས་དང་ཟད་མེད་ཀྱི་ལྷག་བསམ་ཅན་གྱི་བགྲེས་པོ་དེ་དག་གི་གཅེས་པའི་ཚེ་སྲོག་དང་བརྗེ་ནས་ཡོང་བའི་གཞལ་དུ་མེད་པའི་ཕ་མེས་བཟང་པོའི་བཀའ་དྲིན་ཡིན་པ་ནམ་ཡང་དྲན་བཞིན་ཡོད། དྲན་པ་ཙམ་དུ་མ་ཚད་དུས་གསུམ་གང་དུའང་གནའ་རྫས་དེ་དག་གི་རིན་ཐང་གླེང་གི་ཡོད། གླེང་བ་ཙམ་དུ་མ་ཚད་བྱིན་རླབས་དང་རིན་ཐང་གཉིས་ལྡན་གྱི་གནའ་རྫས་དེ་དག་མིག་གིས་འཚོ་ཞིང་ལག་པས་སྐྱོར་མྱོང་ལ། སེམས་ཀྱིས་མྱོང་ཞིང་ཚོར་བ་ན་བཞིན་ཡོད། མདོར་ན་དགའ་བཞིན་སྐྱོ་བཞིན་མེས་པོ་དེ་དག་ལ་དྲིན་གཟོ་ཞིག་གི་དོད་དང་དགོན་གྱི་ལས་སྣེ་གསར་རྙིང་བརྗེ་མཚམས་སྐབས་སུ་གྲྭ་ཚང་དང་ལྷ་སྡེ་ཡོངས་ལ་ལེགས་སྐྱེས་ཤིག་གི་ཚབ་ཏུ་སྐབས་གསུམ་པའི་དམངས་གཙོ་བདག་གཉེར་ཁང་གི་ཀྲུའུ་རིན་ཉག་གཡུ་འབྲུག ཀྲུའུ་རིན་གཞོན་པ་ཨ་གཡུང་། ཀྲུའུ་རིན་གཞོན་པ་གཡུང་དྲུང་ཚེ་དབང་། རྩིས་གཉེར་བ་ཚེ་དབང་རིག་འཛིན། ཁོང་རྣམས་ཀྱིས་གྲོས་ཆོད་བྱུང་བ་ལྟར་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལག་བྲིས་སྤུས་ལེགས་ཅན་པོད་གཅིག་དང་། དྲན་པ་བཀའ་ཐང་ལག་བྲིས་མ་པོད་བརྒྱད་དེ་ཁྱོན་པོད་དགུ་ཡི་བདག་ཉིད་ཅན་འདི་བྱ་བཏང་དཔེ་ཚོགས་སུ་པར་སྐྲུན་བྱེད་བཞིན་ཡོད། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་གཞུང་འདི་ནི་གསལ་བྱེད་ཀྱི་གོ་རིམ་བཞིན་སྒྲིག་ཡོད་པ་ཞིག་སྟེ། ཀ གཞི་ཡེ་སངས་རྒྱས་པ། ཁ། ལམ་མངོན་སངས་རྒྱས་པ། ག འབྲས་བུ་རྫོགས་སངས་རྒྱས་པ། ང་། དབུ་འཆད་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར། ཅ། ཡེ་ཤེས་ཐིག་ལེ་འགྲེལ་དང་སྣང་སྲིད་ཐིག་ལེ་འགྲེལ། ཆ། བོན་ཉིད་ཐིག་ལེ་འགྲེལ། ཆ། རྩའི་འགྲེལ་པ། ཇ། མི་ནུབ་ཐིག་ལེའི་འགྲེལ་པ། ཉ། མི་འགྱུར་ཐིག་ལེ་འགྲེག་པ། ཏ། གཞི་ཡེ་སངས་རྒྱས་པའི་འགྲེལ་ལས་སྐྱེ་མེད་ཐིག་ལེ་བསྟན་པ། ཐ། གསང་མཆོག་མ་རྒྱུད་ཐུགས་རྗེ་ཉི་མའི་དབང་བྱང་། ད། གསང་མཆོག་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས་གཤེན་གླུ། ན། ལྟ་སྤྱོད་འཕྲིན་ལས་གསུམ་གྱི་འགྲེལ་པ། པ། ཚོགས་བྱང་། ཕ། ཐིག་ལེ་བཞི་བཅུ་རྩ་ལྔ་ལས་འཕྲིན་ལས་གོ་རིམ་འགྲེལ་འཆད། བ། ཐར་ལམ་གྱི་འགྲེལ། མ། ལམ་གྱི་དབུ་འཆད། ཙ། སྦྱོར་ལམ་སྒོ་བ་བཞིའི་དོན་འགྲེལ། ཚ། རྫུ་འཕྲུལ་ཐིག་ལེའི་འགྲེལ། ཛ། འབྱུང་བའི་ཐིག་ལེ་འགྲེལ། ཝ། བདག་ཉིད་ཐིག་ལེའི་འགྲེལ་པ། ཞ། ཚོགས་ཀྱི་ཐིག་ལེ་འགྲེལ། ཟ། སྒྲུབ་པའི་ཐིག་ལེའི་འགྲེལ་པ། འ། གསལ་བའི་ཐིག་ལེའི་འགྲེལ་པ། སྨིན་ལམ་གྱི་འགྲེལ་པ། གྲོལ་ལམ་གྱི་འགྲེལ་པ། གསང་མཆོག་མ་རྒྱུད་ཐུགས་རྗེ་ཉི་མའི་བསྐང་བཤགས་ཀྱི་འཕྲིན་ལས། ཐང་ལོག་སྒྲ་ཡི་རྣམ་འབྱེད་འོད་ཀྱི་འཁོར་ལོ་ཞེས་བྱ་བ་འདི་མ་རྒྱུད་སྐྱེ་མེད་ཐིག་ལེའི་རྩ་འགྲེལ་སོགས་བཀའ་ལུང་ཀུན་ལས་བཏུས་པའོ།། དྲན་པ་བཀའ་ཐང་ནི་པོད་བརྒྱད་ཀྱིས་གྲུབ་ཅིང་དབུ་ཤོག་ཕལ་ཆེར་གསེར་གྱི་བྲིས་པ་ཞིག་སྟེ་དད་པའི་རྟེན་དང་ཞིབ་འཇུག་གི་རིན་ཐང་གང་ལ་མཚོན་ན་གཞལ་དུ་མེད་པ་ཞིག་རེད། མ་གཞི་ནས་དྲན་པ་བཀའ་ཐང་གི་ཤིང་པར་ཡང་གནས་འདི་ན་ད་ལྟ་ཡང་ཆད་ལྷག་མེད་པ་མཇལ་དུ་ཡོད། མདོར་ན་ཤིང་པར་གྱི་མ་དཔེ་ནི་ལག་བྲིས་མ་འདི་ཡིན་པ་དང་། ལག་བྲིས་མ་འདི་ནི་གཏེར་གྱི་ཤོག་སེར་ཕབ་སའི་མ་དཔེ་གཅིག་པུ་དེ་ཡིན་ནོ།། དེ་ལྟར་ཡིན་པས་སྐབས་གསུམ་པའི་དམངས་གཙོ་བདག་གཉེར་ཁང་གི་འགན་ཁུར་པ་རྣམས་མ་བགྲོས་གཅིག་མཐུན་གྱིས་རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་པ་འདི་ལ་ཞབས་ཞུ་རེ་ཨེ་ཡོང་སྙམ་ནས་ཚར500པར་དུ་བསྐྲུན་ཡོད། ཚར250ནི་དགོན་འདིའི་གྲྭ་ཚང་དང་ལྷ་སྡེ་ཡོངས་ལ་བཀའ་དྲིན་ལེགས་གསོལ་གྱི་ཚུལ་དུ་རིན་མེད་ངང་འབུལ་རྩིས་ཡིན། དེའི་འཕྲོ་རུ་ལུས་པའི་ཚར250དེ་བླུ་ཡོན་གནང་རྒྱུ་ཡིན། ཆེད་དུ་གསལ་བཤད་ཞུ་དགོས་པ་ཞིག་ནི་ང་ཚོ་ད་ལན་ལས་སྣེ་གསར་རྙིང་བརྗེ་མཚམས་སྐབས་ལ་ཉེ་བས་དུས་ཚོད་ཀྱི་ཁོམ་པ་མེད་པས་དཔེ་ཆ་ཉུང་ཉུང་ཞིག་མ་གཏོགས་པར་སྐྲུན་བྱེད་མེད། བྱ་བ་འདི་ཡང་གནའ་བོའི་ཞང་ཞུང་རིག་གནས་ལ་སྲུང་སྐྱོང་ཡོད་པའི་བདེན་དཔང་ཞིག་ཀྱང་ཡིན་སྲིད། དགེ་བ་འདིས་རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་པའི་མཛེས་རྒྱན་དུ་གྱུར་ཅིག་གུ།

ཉག་རོང་རྫོང་གོང་རྒྱལ་དགོན་དམངས་གཙོ་བདག་གཉེར་ཁང་ནས། སྤྱི་ལོ2023/12/3ཉིན།














མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་མ་ཕྱི།

དྲན་པ་བཀའ་ཐང་གི་ཤིང་པར།





དྲན་པ་བཀའ་ཐང་ལག་བྲིས་མ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།