《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》(པོད1~12)ཅེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2023-06-29 11:50:03][རྩོམ་པ་པོ། གཡུ་འབྲུག་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི“ལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི་པའི”དུས་སྐབས་ཀྱི་རྒྱལ་ཁབ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི་དང་། 2022ལོའི་རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས།

  དཔེ་ཚོགས་འདིའི་ནང་བཞུགས་པ་ནི་སྔོན་བྱོན་བོན་གྱི་མཁས་དབང་རིམ་བྱོན་གྱིས་མཛད་པའི་ཐ་སྙད་རིག་གནས་ཀྱི་སྐོར་མང་པོ་ཞིག་གཞི་གཅིག་ཏུ་བསྡུས་ཏེ་བདམས་བསྒྲིགས་བྱས་པ་ཡིན་ལ། ཆེས་སྔ་བའི་བོན་གྱི་ཐ་སྙད་རིག་གནས་ཀྱི་སྐོར་ལས། གནའ་དཔེ་ལ་ལ་ཞིག་འབྱུང་བའི་གཡོ་འཁྲུགས་དང་། བསྟན་པའི་ཆགས་འཇིག ཐུན་མོང་དབང་འབྲས་ཀྱི་རྐྱེན་ལས་རེ་ཞིག་ནུབ་པར་མ་ཟད། རྫ་སྲིབ་གད་སྐྱིབ་ཏུ་རྙེད་པ་དང་དམངས་ཁྲོད་ཁྱིམ་དུད་རེ་འགའ་ནས་གསང་ཉར་དུ་ཐོན་པ་བཅས། མཐུན་དཔེ་ནི་རླུང་འཚུབ་དཀྱིལ་གྱི་མར་མེ་ཇི་བཞིན་གཟིམ་ཉེན་ཆེ་བའི་མ་དཔེ་འདི་དག་དཔེ་བདག་རྣམས་ལ་འབྲེལ་ཟམ་ཡག་པོ་བརྒྱུད་དེ། ལག་ལ་གང་ཆུད་དང་མིག་གིས་མཐོང་ཚད་ཙམ་མ་ཡིན་པར་དེ་དག་འཚོལ་སྡུད་དང་། སྲུང་སྐྱོབ། བདམས་སྒྲིག དག་ཞིབ་ལན་མང་བགྱིས་ཏེ་པར་དུ་བསྐྲུན་པའི་ལས་གཞི་གལ་ཆེན་གྱིས་གཉེར་བ་རེད།

  《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ཅེས་པའི་དཔེ་ཚོགས་འདི་ལ་སྤྱིའི་ཆ་ནས་པོད་བཅུ་གཉིས་ཅན་གྱི་བདག་ཉིད་དུ་གྲུབ་ཡོད་ཅིང་། སྡེ་ཚན་གྱི་སྒོ་ནས་དབྱེ་ན་རྣམ་པ་ལྔ་རུ་ཁ་གཏད་ཡོད་དེ། པོད་དང་པོ་ནས་གསུམ་པའི་བར་དུ་ཤེས་བྱ་ཀུན་གྱི་རྨང་གཞི་བོད་ཀྱི་སྐད་ཡང་དག་པར་བཤད་པ་འཁྲུལ་སྤོང་སེལ་བ་དག་ཡིག་གི་སྐོར་དང་། པོད་བཞི་བ་ནས་དྲུག་པའི་བར་དུ། ཡི་གེའི་ཚིག་སྦྱོར་གསལ་བ་རིག་པའི་ཕྱི་མོ་བརྡ་སྤྲོད་ཀྱི་སྐོར་རྣམས་འདུས་ཡོད། པོད་བདུན་པ་ནས་བཅུ་བའི་བར་དུ་ནི། རིག་གནས་ཀུན་ལ་བལྟ་བའི་འདྲེན་བྱེད་དུ་གྱུར་ཅིང་། ཟབ་རྒྱས་ལེགས་བཤད་ཕྲེང་ཚོགས་དྲན་དབང་ཡོངས་ཀྱི་གཟིགས་མོར་སྤེལ་བའི་ཐབས་རྨད་དུ་བྱུང་བ་སྙན་ངག་གི་གཞུང་ལུགས་འགའ་ཤས་འདུ། པོད་བཅུ་གཅིག་པ་ནི་ཤེས་བྱའི་བོན་སོ་སོར་མིང་གི་རྣམ་གྲངས་མང་པོའི་སྒོ་ནས་འདྲེན་པ་ལ་མངོན་བརྗོད་ཀྱི་སྐོར་དང་། པོད་བཅུ་གཉིས་པ་ནི་བོད་ཀྱི་སྐད་ཆའི་གྲོལ་གཞི་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་བརྡ་ལས་ཞང་བོད་སྒྲ་བསྡེབས་ཀྱི་སྐོར་དང་། དེ་མིན་བོད་ཀྱི་སྐད་བརྡ་སཾསྐྲི་ཏའི་སྐད་དུ་འགྱུར་བའི་སྐད་གཉིས་ཤན་སྦྱར་གྱི་སྐོར་རྣམས་ཀྱང་བཞུགས་ཡོད།


  དཔེ་ཚོགས་འདིའི་ནང་གི་མཛད་པ་པོ་ནི་བོད་ཀྱི་ཡི་གེ་ཐོག་མའི་བྱེད་པོ་རྣམ་མཁྱེན་སྟོན་པ་གཤེན་རབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དེ་ཉིད་ཀྱི་བཀའ་དྲི་མ་མེད་པ་ལས་ཁོལ་དུ་ཕྱུངས་ཏེ་བཀོད་པ་རེ་འགའ་ཙམ་དང་། དེ་ལས་གཞན་སྤྱི་ལོ་དུས་རབས་མ་ཚུགས་གོང་གི་ཞང་བོད་ཀྱི་སྐྱེས་འཕགས་དང་རིག་འཛིན་གྲུབ་ཐོབ་ཤ་སྟག་ལྡན་པ་རྣམས་ཀྱི་འགག་པ་མེད་པའི་གསུང་བྱིན་རླབས་ཅན་འགའ་ཤས་བཀོད་པ་དང་། མཁས་གྲུབ་རྒྱ་མཚོའི་ཐུགས་བཅུད་བཞེས་པའི་མཚན་ལྡན་བོན་གྱི་མཁས་དབང་རྣམ་པ་དང་། གཞུང་ལུགས་རྒྱ་མཚོའི་ཕ་མཐར་ཕྱིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་དག་གིས་རྒྱལ་བའི་བཀའ་ལ་བརྟེན་པའི་རིག་གཞུང་མང་པོའི་ཉིང་བཅུད་ཀྱང་འདིར་འདུས་ཡོད།

  《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ཅེས་པའི་དཔེ་ཚོགས་འདི་ཉིད་ལས་གཉེར་བྱེད་མཁན་ནི། བོད་ཀྱི་གནའ་དཔེ་དག་སྒྲིག་པར་སྐྲུན་གྱི་ལས་ཀར་ཉམས་མྱོང་ཕུན་ཚོགས་མངའ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་འགོ་གཙོ་ཟུར་པ་རྒན་བསོད་ལོ་མཆོག་དང་། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་འགན་རྩོམ་སྒྲིག་པ་ཁྲི་བསོད་བསྟན་རྣམ་གཉིས་ཀྱིས་ལོ་ངོ་བདུན་ཕྲག་གཅིག་གི་རིང་ལ། གཉིད་བཅག་ཟས་བརྗེད་ཀྱི་བྱ་བའི་ལངས་ཕྱོགས་བརྟན་པོར་གདོང་གིས་བསུས་ཏེ། རིན་ཆེན་གསེར་ལས་བྲིན་ཆེ་བའི་ཡིག་ཆའི་མ་ཕྱི་འཚོལ་སྡུད་དང་། ཞུས་དག་ཚད་མཐུན། སྒྲིག་སྦྱོར་ལེགས་པོ། དངོས་གཞི་གཏན་འབེབས་བཅས་ལ་གཟབ་ནན་གྱིས་བརྩོན་པ་ངང་གིས་བསྐྱེད་ཅིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི“ལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི་པའི”དུས་སྐབས་ཀྱི་རྒྱལ་ཁབ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞིའི་རྒྱབ་སྐྱོར་ཐོབ་སྟེ། རྒྱལ་ཁ་དང་གྲུབ་འབྲས་གཡུར་དུ་ཟ་བའི་ངང་ནས་པར་དུ་བསྐྲུན་ཐུབ་བྱུང་བ་རེད།

  དཔེ་ཚོགས་འདིའི་མ་ཕྱི་ཁོ་ནའི་དབང་དུ་བཏང་ན། ཡིག་ཆ་འདི་དག་ལོ་རྒྱུས་ཀྱི་རྒྱུ་ཆ་ཡུན་རིང་ལྡན་ཞིང་། ཡིག་རྒྱུན་ཡང་འདྲ་མིན་སྣ་ཚོགས་སུ་འདུག་པས། གནའ་སྔའི་ཡི་གེའི་བྲི་སྟངས་ཀྱི་ཆ་ལ་ཕྱི་མིག་གིས་བལྟས་ཚེ། ཞང་ཞུང་སྨར་ཆེན་ལས་དབུ་ཅན་དང་། སྨར་ཆུང་ལས་དབུ་མེད་ཀྱི་འགྱུར་བ་ནང་བཞིན། དེ་ལས་དབུ་ཅན་དབུ་མེད་ཀྱི་འབྲི་ཚུལ་གཉིས་ལས། གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང་ཞེས་པ་ལྟར་བཀའ་དང་བཀའ་བརྟེན་གསུང་རབ་ཀྱི་ཡི་གེའི་གླེགས་བམ་གྱི་གྲངས་ཀ་ཤིན་ཏུ་མང་བས། ཡིག་བྲིས་པ་ཐམས་ཅད་ཀྱང་མྱུར་བུལ་གྱི་ལས་ལ་གཞོལ་ཏེ། དབུ་མེད་འབྲི་མཁན་རབ་ཏུ་མང་བས་མ་ཚད། དབུ་མེད་འབྲི་སྐབས་སྐུང་ཡིག་དང་། ཤོག་ངོས་ཆད་ལྷག་གི་རྣམ་པ་དེ་བས་ཀྱང་མང་ཁར། མ་ཕྱི་ཇི་བཞིན་རང་སོར་མི་འཇོག་ཀ་མེད་དུ་བྱུང་བ་དང་། གང་ལྟར་ཡིག་ནོར་དོགས་ཅན་རྣམས་ནི་མཐའ་གཉིས་སུ་མ་ལྷུང་བར། བྱི་དོར་གང་ལེགས་བགྱིས་པ་ནི་ཤིན་ཏུ་ལེགས་པའི་མཛེས་ཆ་ཡག་པོ་ཞིག་གི་རྣམ་པར་འཁུམས་སོ། །

  《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ཅེས་པའི་དཔེ་ཚོགས་འདི་ནི། བོད་ཀྱི་རིག་གནས་ཀྱི་རྩ་བའི་འབྱུང་ཁུངས་སམ་རྨང་གཞིའི་ཡིག་ཆ་གལ་ཆེན་དུ་གྱུར་འདུག་པས། རང་མི་རིགས་ཀྱི་སྐད་དང་ཡིག་རིགས་བྱུང་ཚུལ་གྱི་དོན་ལ་ཞིབ་འཇུག་དང་སྦྱངས་བརྩོན་བྱེད་འདོད་ན། དོན་འདི་ལས་གདམས་པ་ཟབ་མོའི་འཇུག་པ་གཞན་མི་འདུག་པའི་ཕྱིར་ཏེ། གཅིག་ན་ལོ་རྒྱུས་ཀྱི་དྲང་བདེན་ལ་མགོ་གཏུགས་ཏེ་ཤེས་རབ་ཀྱི་འོད་སྣང་འབྱིན་ཐུབ་པ་དང་། གཉིས་སུ་རང་སྐད་རྣམ་དག་གི་ལམ་ནས་བློ་གྲོས་ཀྱི་རྩལ་ཆེན་རབ་ཏུ་རྒྱས་པར་བྱེད་པ། གསུམ་དུ་མེས་པོའི་ཤུལ་བཞག་གི་རིན་བྲལ་གྱི་ནོར་བུའི་སྒོ་འཕར་ལེགས་པོར་ཕྱེས་ཡོད་པ་བཅས། མདོར་ན་མིག་མདུན་དུ་ལྷགས་པའི་ཡིད་བཞིན་ནོར་བུ་ལྟ་བུའི་དཔེ་ཚོགས་འདི་ཉིད་ཀྱི་དགོངས་པ་ཟབ་མོར་སྦྱང་འཇུག་དོན་གསལ་གྱི་སྒོ་ནས། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་སུ་དུས་འདའ་བར་བྱེད་པ་ནི་དགོས་པའི་ཉིང་དགོས་ལྟ་བུར་གྱུར་ཡོད་པས་ཤིན་ཏུ་གལ་ཆེའོ། །

  ཆེད་ཞུ། ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》(སྤུས་ལེགས)ཅེས་པར་ཁྱོན་བསྡོམས་པོད་བཅུ་གཉིས་བཞུགས། དཔེ་ཚོགས་སྤྱིའི་རིན་གོང་སྒོར877(མ་གོང)ཡིན་ལ། སྡེབ་ཉོ་བླུ་གཏོང་བར་འོས་འཚམ་གྱིས་རིན་གོང་ཟུར་གཅོག་བྱེད་འཆར་ཡོད་པས་མངགས་ཉོ་མཁན་དག་གིས་འབྲེལ་བ་བྱེད་རོགས།
  འབྲེལ་ཡུལ། གཟེར་མིག 156 0973 9205

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།