གླིང་ཞིག་བླ་རབས་རིམ་བྱོན་གྱི་གསུང་འབུམ་སོགས་དཔེ་ཆ་འགའ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2022-01-10 22:36:47][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  འཛམ་གླིང་གོ་ལ་ཟླུམ་པོའ་ིཡང་རྩེ་གངས་ཅན་ཁ་བའི་ལྗོངས་འདིར་སྔོན་བྱོན་མེས་པོ་གོང་མས་ཤུལ་བཞག་གི་རིག་གཞུང་ཞང་བོད་ནང་བསྟན་དུ་གྲགས་པའི་བ་དན་ས་གསུམ་ལ་གཡོ་བའི་སྔ་དར་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་སྟེ། རྒྱལ་སྤྱི་མཐོ་སྒང་བོད་པ་ཚང་ལ་མཚོན་ན་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་རིན་པོ་ཆེ་འདི་ཉིད་འཇིག་རྟེན་ན་མེད་དུ་མི་རུང་བའི་ནོར་བུ་རྩ་འགངས་ཆེ་བ་ཞིག་ཡིན་པ་སྨོས་མེད་ཡིན་པས། བོད་རང་ས་ནས་བདོ་བའི་རང་མི་རིགས་ཀྱི་རིང་ལུགས་དྲི་མ་མེད་པ་འདི་དག་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་མཛད་པ་ཕྲག་ཏུ་བཞེས་ཤིང་། བརྒྱུད་འཛིན་དར་སྤེལ་གྱི་ཕྱག་ལས་གནང་ནས་ས་སྒང་རིལ་མོ་འདིའི་ཐོག་ཏུ་གནས་པའི་སྐྱེ་འགྲོ་མཆོག་དམན་ཐམས་ཅད་འཆམ་མཐུན་མཉམ་གནས་དང་། འཚེ་མེད་ཞི་བདེ་སོགས་འདི་ཕྱི་ཕན་བདེའི་ལེགས་ཚོགས་མངོན་འགྱུར་ཡོང་བའི་ཕྱོགས་ལ་འབད་པ་མཐར་སོན་པ་རེ་བྱེད་རྒྱུ་ནི་གངས་རིའི་ཁྲོད་འདིར་སྐྱེས་པའི་མི་བུ་ཡོངས་ཀྱི་ཕྲག་ཏུ་བབ་པའི་འགན་འཁྲི་ཉག་གཅིག་ཡིན་ཞེས་ཁ་ཚོན་ཆོད་པའི་སྒོ་ནས་བཤད་ཆོག་ཆོག་རེད་ཨང་།

  ད་ལན་མདོ་ཁམས་ཞིག་པོ་བཅོ་བརྒྱད་ཀྱི་ཡ་གྱལ་འགྲོ་མགོན་གླིང་ཞིག་བླ་རབས་རིམ་བྱོན་གྱི་གསུང་འབུམ་འགའ་ཕྱོགས་གཅིག་ཏུ་བསྡམས་ཏེ། སྟོད་ཆ་སྨད་ཆ་གཉིས་དང་། ཞུ་སྒོམ་འཁྲུལ་ཞིག་རིན་པོ་ཆེའི་རྣམ་ཐར་དེབ་གཅིག ཞོར་དུ་གཏེར་ཆེན་གསང་སྔགས་གླིང་པས་མཛད་པའི་གྱེར་ཟ་གཡུང་དྲུང་ལྷུན་པོའི་དཀར་ཆག་དེབ་ཆུང་བཅས་པར་སྐྲུན་ཞུས་པ་འདིའང་བསམ་ཕྱོགས་དེ་ལས་མ་འདས། ལྷག་པར་དུ་རབ་བྱུང་བཅོ་ལྔའི་ནང་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བཅུ་གཉིས་ལོར་བྱོན་པའི་གླིང་ཞིག་བླ་མ་ཚེ་དབང་གཡུང་དྲུང་མཆོག་གི་གསུང་འབུམ་ནི་མ་དཔེ་འདི་གཅིག་པུ་ལས་མེད་སྟབས། འདི་ཉིད་བརླག་སོང་ན་དཔེ་རྒྱུན་ཆད་རྒྱུ་ཉག་གཅིག་ལས་མ་མཆིས་པས། ངེད་ཚོས་ལྷག་བསམ་ཟོལ་མེད་ཀྱིས་རྒྱུ་ཚེགས་གྲོན་གསུམ་ལ་མ་ལྟོས་ཤིང་། དཔལ་འབྱོར་དང་མཚན་སྙན་ལ་མ་དམིགས་པར། འོ་ཅག་རྗེས་འཇུག་བུ་རབས་ཚ་རྒྱུད་དང་བཅས་པ་རྣམས་ལ་སྐྱོ་ཤས་ངེས་འབྱུང་འདྲེན་པའི་ལྕགས་ཀྱུ་དང་། དགེ་སྡིག་བླང་དོར་གསལ་བའི་སྒྲོན་མེ། མངོན་མཐོ་ངེས་ལེགས་བགྲོད་པའི་ཐེམ་སྐས་ལྟ་བུ། མཁས་གྲུབ་ཆེན་པོ་མཆོག་གི་དགོངས་པའི་ཀློང་མཛོད་ནས་བདོ་བའི་རིན་བྲལ་གྱི་རིག་གཞུང་འདི་དག་ཀུན་ལ་འགྲེམ་སྤེལ་བྱེད་ཐུབ་ན་བསམ་པ་ཁོ་ནས་བསྒྲུབས་པ་ཞིག་ཡིན་མོད། འོན་ཀྱང་སྐབས་དེ་དུས་ཀྱི་སློབ་མ་རྣམས་དང་རྗེས་རབས་པ་ཡོངས་ཀྱིས་འདི་དག་དོན་གཉེར་དང་གཙིགས་ཆེན་གཅེས་སྐྱོང་མ་ཐུབ་པའམ། རིག་གསར་གྱི་རླུང་ནག་རྒོད་པ་སོགས་ཕྱི་ནང་གི་འགལ་རྐྱེན་དུ་མའི་དབང་གིས་མ་དཔེ་སྣ་རིང་དང་ཤོག་དྲིལ་བཅས་བོར་སྟོར་སོང་སྟེ། མེ་ཆུ་རླུང་གསུམ་ལ་ཐིམ་པའང་གྲབས་དང་གྲངས་ཀ་མང་པོ་ཡོད་པས། དཔེར་ན་གཞུང་མང་པོའ་ིཟུར་གང་རུང་ནས་མི་ཚང་བའི་མཚན་གཞི་ཙམ་སྟེ། འཁྲུལ་སྣང་བར་དོའ་ིདཀར་ཆག་དང་། རྡོ་རྗེ་དཔལ་དེའུ་དཀར་ཆག རྨ་རྒྱལ་གངས་རིའི་དཀར་ཆག་ལྟ་བུ་དང་། ཤོག་དྲིལ་ཐོར་བུ་ཙམ་ལས་མི་བཞུགས་པ་ནི། མྱུར་ལམ་འོད་དཔག་མེད་པའི་སྒྲུབ་ཐབས་སྐོར་དང་། མཉམ་མེད་བླ་མའི་སྒྲུབ་ཐབས། དཔལ་ཆེན་པདྨ་ཐོད་ཕྲེང་རྩལ་གྱི་སྒྲུབ་ཐབས། རྟ་འགྲིན་དྲེགས་པ་ཡང་ཁོལ། མ་ཧཱ་དེ་བའི་གཡང་སྒྲུབ། ཡང་ཟབ་མཁའ་འགྲོའ་ིདགོངས་ཏིག འཛམ་གླིང་ཆོས་བྲོ་དགེ་ལེགས་རོལ་མོ་སོགས་ལྟ་བུ་དང་། ལ་ལ་དཔེ་ཆའི་མིང་ཙམ་ལས་ཤུལ་མེད་དུ་སོང་བ་ནི། ཡང་ཟབ་མཁའ་འགྲོའི་སྦས་ལུང་། ཞུ་ལན་དྲི་མེད་མེ་ལོང་། རྡོ་རྗེའི་ཞལ་ལུང་ཟབ་མོ་ཧཱུྃཿགི་རྒྱན་ཅན་སོགས་ཀྱིས་མཚོན། རྩ་ཆེའི་གསུང་རྩོམ་མི་ཉུང་བ་ཞིག་ཁ་འཐོར་རྩ་བརླག་ཏུ་གྱུར་ཏེ། འདིར་འགོད་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས།

  དེ་མིན་བླ་རབས་གོང་མ་རྣམས་ཀྱི་གསུང་འབུམ་གྱི་མ་དཔེ་འདི་དག་འཚོལ་སྡུད་བྱེད་སྟངས་ནི། གླིང་ཞིག་བླ་རབས་རིམ་བྱོན་གྱི་རྣམ་ཐར་བསྡུས་པ་མུ་ཏིག་ཕྲེང་བ་དང་། ཀུན་གྲོལ་འཇའ་ཚོན་གྱིས་མཛད་པའི་བཀའ་བརྟེན་དཀར་ཆག་ཉི་མ་འབུམ་འོད། གཡུང་དྲུང་ཚུལ་ཁྲིམས་ཀྱིས་མཛད་པའི་བཀའ་བརྟེན་དཀར་ཆག་འཕྲུལ་གྱི་ལྡེ་མིག་སོགས་ཀྱི་ནང་དུ་འཁོད་པ་རྣམས་གཞིར་བཞག གཞན་དགོན་པ་ཁག་དང་རི་ཁྲོད། མི་སྒེར་བཅས་ལ་འབྲེལ་གཏུགས་ཞུས་ཏེ་རྩད་འཚོལ་བྱས་ནས་བསྒྲུབས་པ་ཡིན་ཀྱང་། ད་རུང་དཀར་ཆག་དེ་དག་གི་ནང་དུ་འཁོད་པ་ལྟར། གླིང་ཞིག་རྒྱལ་བ་བློ་གྲོས་མཆོག་གི་རྣམ་ཐར་དང་། འདའ་ཁའི་ཞལ་ཆེམས། གླིང་གཤེན་མུ་ལ་བློ་གྲོས་སམ། མུ་ལ་ཐོགས་མེད་ཀྱི་སྙན་བརྒྱུད་ཆར་འབེབས་ཀླུ་གྲུབ་མ་ཞེས་པ་ལེའུ་བཅུ་གཉིས་ཅན་དང་། གསང་སྔགས་རྒྱུད་སྒྲུབ་སྐོར། རྒྱུད་སྲུང་དགྲ་ལྷའི་རྒྱལ་མོའི་སྐོར། སྐྱེས་བུ་ལམ་ལྷ་མཆོད་ཐབས། འཁྲུལ་སྣང་དམྱལ་བའི་དཀར་ཆག་སོགས་དང་། གླིང་གཤེན་བསོད་ནམས་བློ་གྲོས་ཀྱི་སྙན་བརྒྱུད་བྱ་ར་མ་གསུམ་གྱི་གཅོད་རྒྱུད་ཆ་ལག་བཅས་ཡོད་པར་གསུངས་པ་འདི་དག་གི་མ་དཔེ་ལག་སོན་མ་བྱུང་སྟེ། འདས་པའི་བགྲང་བྱ་དུ་མའི་ཁྲོད་ནས་མི་མངོན་པའི་དབྱིངས་སུ་ཐིམ་སོང་བ་ཡིན་ནམ། ཡང་ན་དཔེ་ཧྲུལ་གྱི་ནང་དུ་ད་དུང་ཡིབ་ཡོད་པ་མ་ངེས་པས། རྒྱ་ཆེའི་གཟིགས་པ་པོ་རྣམ་པས་དཔེ་ཆ་འདི་དག་དང་། དེ་མིན་ད་དུང་གླིང་གཤེན་རིམ་བྱོན་གྱི་གསུང་རྩོམ་རེ་འགའ་ཡོད་སྲིད་པས་མཐོང་ཐོས་བྱུང་ན་ངེད་གླིང་གཤེན་རིག་གཞུང་འཚོལ་སྡུད་ཚན་ཆུང་ལ་འབྲེལ་བ་བརྒྱུད་ནས་གནང་བར་ཅིས་ཀྱང་བཀའ་དྲིན་ཞུ།

  འདི་སྒྲིག་པ་པོ་ངེད་ཚོ་ལ་མཚོན་ནས་བཤད་ལ། ཤེས་ཡོན་གྱི་ཆུ་ཚད་དང་ཉམས་མྱོང་གི་བརྒྱུད་རིམ། དངོས་སུ་ལག་བསྟར་གྱི་འཇོན་ཐང་སོགས་གང་གི་ཆ་ནས་ལས་དང་པོ་བ་ཡིན་པས། བསྒྲིགས་སྟངས་ཀྱི་ཐད་ལ་སྐྱོན་ཆ་མི་ཉུང་བ་ཞིག་ཡོད་སྲིད་པས་གཟིགས་མོ་བ་ཡོངས་ཀྱིས་སྐྱོན་སེལ་དང་ལམ་སྟོན། ཕྱོགས་ཀུན་ནས་ལེགས་སྤེལ་ལ་སྨན་པའི་དགོངས་འཆར་གང་ཡོད་ལྷུག་པོར་གནང་བ་ཞུ་ཞིང་། ཞུ་དག་གི་ཐད་ལའང་སོ་སོའི་མ་དཔེ་དང་ཞུ་བསྡུར་ཡང་ཡང་བྱས་ནས་མངོན་གསལ་མ་གཏོགས་ཇི་མ་ཇི་བཞིན་སོར་བཞག་བྱས་པ་ལས་སྒྱུར་བཅོས་གང་ཡང་བྱས་མེད་དོ། །

  ཞར་བྱུང་དུ་གླིང་ཞིག་བླ་མ་ཚེ་དབང་གཡུང་དྲུང་མཆོག་གིས་མཛད་པ་གྲགས་པའི་རྣམ་ཐར་མུ་ཏིག་ཕྲེང་བ་ནི། བསྟན་པ་དེ་དག་སྟོན་པ་པོ་གླིང་གཤེན་གྱི་གདུང་སོན་བཀའ་གཏེར་སྙན་བརྒྱུད་ཀྱི་བདག་པོ་བླ་ཆེན་འགའ་ཞིག་གི་རྣམ་ཐར་ཡིན་པ་ལས། གདུང་རབས་ཕལ་མོ་ཆེའམ། ཡང་ན་གདུང་རབས་དེ་ལས་བླ་མ་འདི་དག་མ་གཏོགས་མ་བྱོན་པ་མིན་པར་སེམས་ཏེ། རྣམ་ཐར་དེའི་མཚན་བྱང་ལ། སྐུ་སྲས་གླིང་ཞིག་གི་གདུང་རབས་རིམ་བྱོན་ལས། གཙོ་བོའ་ིརྣམ་ཐར་ཞེས་དམིགས་སུ་བཀར་ནས་གསུངས་པ་དང་། ཞིག་པོ་བཅོ་བརྒྱད་ཀྱི་ཡབ་རྗེ་དམ་པ་ཞུ་སྒོམ་རིན་པོ་ཆེ་ནི་རབ་བྱུང་དང་པོའ་ིབསྟོད་ཙམ་ནས་བྱོན་པས། ད་ལྟའི་བར་མི་ལོ་སྟོང་ལྷག་ཕྱིན་ཡོད་ལ། གོང་གི་རྣམ་ཐར་ལ་མ་འདུས་པའི། གླིང་ཞིག་གི་གདུང་ལས་འཁྲུངས་པའི་བླ་མ་འགའ་ཞིག་གི་མཚན་ད་དུང་ལོ་རྒྱུས་ཡིག་རྙིང་ལ་ལར་གསལ་ཏེ། ཁྲ་ཆགས་མེད་བཀྲ་ཤིས། གླིང་ཞིག་རྟོགས་ལྡན་ལྷུན་གྲུབ་རྒྱལ་མཚན། གླིང་གཤེན་གཡུང་དྲུང་གླིང་པ། གླིང་ཞིག་རྒྱལ་བ་གཡུང་དྲུང་སོགས་ཀྱིས་མཚོན་དུ་མ་ཞིག་བྱོན་ཡོད་པ་ངེས་སོ། །

  མཇུག་མཐར་ང་ཚོའི་བྱ་བ་འདི་ལ་ཕྱོགས་ཀུན་ནས་ཐུགས་ཁུར་དང་། རྒྱབ་སྐྱོར། རམ་འདེགས་གནང་མཛད་པ་ཀུན་ལ། ལག་ཟུང་ཐལ་མོ་སྤྱི་བོར་བཀོད་དེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབ་ཅིག་ཏུ། ཁྱེད་རྣམ་པ་སྐུ་ཚེ་བསྐལ་བརྒྱར་འཚོ་གཞེས་རབ་ཏུ་བརྟན་ཞིང་། དོན་གཉིས་མཛད་ཕྲིན་གྱིས་སྐྱོང་ཁྱབ་ཀུན་གསལ་ཡངས་པའི་ཁྱོན་དང་མཉམ་པའི་སྨོན་འདུན་ཡང་ཡང་ཞུ་བ་དང་། རྣམ་དཀར་འདི་ལས་བྱུང་བའི་དགེ་ཚོགས་གང་ཞིག་མཆིས་པ་དེ། ཡངས་པའི་འཇིག་རྟེན་ཁམས་གསུམ་གྱི་སྡུག་བསྔལ་དང་མི་བདེ་བ་ཐམས་ཅད་ཞི་ཞིང་། བདེ་སྐྱིད་དང་ཚེ་དཔལ་དགེ་ཚོགས་ཐམས་ཅད་ཡར་ངོའ་ིཟླ་དཀར་ལྟར་འཕེལ་བའི་རྒྱུར་འགྱུར་བ་ཤོག་ཅིག་ཞུ་བ་དང་། ཞང་ཞུང་སྐད་དུ་ཐ་ཚན་མུ་ཙུག་སྨར་རོ། །

  ཞེས་གླིང་གཤེན་རིག་གཞུང་འཚོལ་སྡུད་ཚོགས་པས་2022.1.10ཉིན་དངོས་སུ་བཀྲམ་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།