ཞང་བོད་ཚིག་མཛོད་ཆེན་མོ་པར་དུ་བསྐྲུན་པ།

[ཟླ་ཚེས། 2021-05-30 09:29:44][རྩོམ་པ་པོ། རྩོན་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་རིམ་པའི་མི་རིགས་ཡིག་ཆའི་དཔེ་སྐྲུན་མ་དངུལ་རོགས་སྐྱོར་རྣམ་གྲངས《ཞང་བོད་ཚིག་མཛོད་ཆེན་མོ》པོད་གསུམ་གྱི་བདག་ཉིད་ཅན་པར་དུ་བསྐྲུན་པ་དང་།
སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་《ཞང་བོད་ཚིག་མཛོད་ཆེན་མོ》པར་བསྐྲུན་ལེགས་གྲུབ་ཀྱི་རྟེན་འབྲེལ་མཛད་སྒོ་སྤེལ།
༼ཞང་བོད་ཚིག་མཛོད་ཆེན་མོ༽འདི་གཙོ་སྒྲིག་པ་གཙོས་རྩོམ་སྒྲིག་པ་རྣམས་ཀྱིས་ལོ་ངོ་བཅུ་གསུམ་ལྷག་རིང་ཕན་ཡོད་སྤྱི་བཞག་དང་གྱོན་ཡོད་སྒེར་ཁུར་གྱི་དམ་བཅའི་འོག་ནས་ལས་ཞོར་གྱི་དུས་ཚོད་བེད་སྤྱད་ནས་བོན་གྱི་གཞུང་ལུགས་བརྒྱ་ཕྲག་གི་གསེབ་ནས་མིང་ཚིག་རེ་རེ་བཞིན་བསགས་བསྡུ་གང་ཐུབ་དང་འགྲེལ་བཤད་ཅི་ཐུབ་ཀྱི་སྒོ་ནས་འབད་བརྩོན་བགྱིས་པའི་གྲུབ་འབྲས་མཐར་ཐིགས་པ་བསགས་པའི་རྒྱ་མཚོ་ཞེས་པའི་དཔེ་ལྟར་ཚིག་མཛོད་སྟོད་སྨད་བར་གསུམ་གྱི་དེབ་ཕྲེང་བདག་ཉིད་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པར་ཚིག་མཛོད་ལེགས་གྲུབ་ཀྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ།
   ༢༠༢༡/༥/༢༧ཉིན་རྒྱ་ནག་ཁྲིན་ཏུའུ་སྤོས་ལྡན་གྲོང་དུ་མཛད་སྒོ་སྤེལ། ཉིན་དེར༼ཞང་བོད་ཚིག་མཛོད་ཆེན་མོའི༽གཙོ་སྒྲིག་པ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་། གཙོ་སྒྲིག་གཞོན་པ་རྟོགས་ལྡན་བསྐལ་ཁོ། སེང་སྤྲུལ་རིག་འཛིན་ཉི་མ། པཎ་ཙ་བསྟན་འཛིན་དར་རྒྱས། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན། རྒྱུན་ལས་རྩོམ་སྒྲིག་པ་རིན་སྤུངས་ཚུལ་བསྟན། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། དགེ་བཤེས་བསོད་གོ་སོགས་རྩོམ་སྒྲིག་མི་སྣ་ཆ་ཚང་དང་། གཞན་གདན་ཞུས་མི་སྣ་ལ། ༧གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་། ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། མཁན་པོ་ཚེ་རིང་ནོར་བུ་སོགས་གལ་ཆེའི་མི་སྣ་སྐོར་ཞིག་ཆེད་ཕེབས་གནང་ཡོད།

ཞང་བོད་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་གཞོན་པ་སེང་སྤྲུལ་རིག་འཛིན་ཉི་མ་ནས་མདོ་འཛིན་གནང་བཞིན་པ།

ཞང་བོད་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ནས་ཚིག་མཛོད་སྐོར་གྱི་ངོ་སྤྲོད་གནང་བཞིན་པ།

མཛད་སྒོའི་ཉིན་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་གིས་མདོ་འཛིན་པ་གནང་ཞིང་། ཐོག་མར་གཙོ་སྒྲིག་པ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་༼ཞང་བོད་ཚིག་མཛོད་ཆེན་མོ༽འདིའི་ཐོག་མའི་བྱུང་རྐྱེན་དང་དཔེ་སྐྲུན་ཁང་ཁག་ལ་འབྲེལ་བ་བྱས་པའི་གོ་རིམ། རྩོམ་སྒྲིག་མི་སྣ་རྩ་འཛུགས་ཀྱི་རིམ་པ། ཚིག་མཛོད་ཀྱི་ངོ་བོ་དང་དམིགས་ཡུལ། ལོ་ངོ་བཅུ་གསུམ་ལྷག་རིང་ཀྱག་ཀྱོག་གི་གོམ་པ་རིམ་བགྲོད་བྱས་ནས་གནའ་བོའི་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་དང་བོན་གྱི་གསུང་རབ་ཁག་ནང་བཞུགས་པའི་མིང་ཚིག་ཐ་སྙད་བསྡུ་གང་ཐུབ་བྱས་པའི་གསལ་བཤད། མཐར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུ་དང་འབྲེལ།

ཚོགས་ཞུགས་པ་ཡོངས་ནས་"སྟོན་པའི་ཐུགས་རྗེ་ཆེ་བར་ཤོག་"ཞེས་སོགས་གསུངས་པ་དང་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཚོགས་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། གཙོ་སྒྲིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རྣམ་པ་བཞི་ནས་ཚིག་མཛོད་ལེགས་གྲུབ་ཀྱི་རྟེན་འབྲེལ་དབུ་འབྱེད་གནང་བཞིན་པ།

པར་ཕུད་ཀྱི་ཚུལ་དུ། ༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། ༧ གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་དབང་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག ༧ དམུ་རིགས་གཤེན་གྱི་གདུང་འཛིན་ཆེན་པོ་སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེ་མཆོག ༧ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ལ་དང་། ༧ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག ༧ མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་བཅས་ལ་ཚར་རེ་པར་ཕུད་དུ་ཕུལ།

གཙོ་སྒྲིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་དང་གཙོ་སྒྲིག་གཞོན་པ་རྟོགས་ལྡན་བསྐལ་ཁོ། གཙོ་སྒྲིག་གཞོན་པ་སེང་སྤྲུལ་རིག་འཛིན་ཉི་མ། གཙོ་སྒྲིག་གཞོན་པ་ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན། གཙོ་སྒྲིག་པ་གཞོན་པ་པཎ་ཙ་བསྟན་འཛིན་དར་རྒྱས་སོགས་ལ་གཙོ་འགན་གནང་བ་དང་མཐུན་རྐྱེན་སྦྱར་བ་སོགས་ཀྱི་བཀའ་དྲིན་ཐུགས་རྗེ་ལེགས་གསོལ་གྱི་ཚུལ་དུ་རྩོམ་སྒྲིག་ལྷན་ཚོགས་ངོས་ནས་གཟེངས་རྟགས་ཕུལ།

  ཚིག་མཛོད་པར་བསྐྲུན་ལེགས་གྲུབ་པར་ཕུད་ཀྱི་ཚུལ་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་ལ་ཚར་རེ་དང་། དེ་བཞིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་བཅས་ལ་ཚར་རེ་ཕུལ།  གཞན་ཡང་མཐུན་རྐྱེན་གྱི་རྒྱབ་སྐྱོར་གནང་མཁན་རྣམས་ལ་བཀའ་དྲིན་མཚོན་བྱེད་ཀྱི་གཟེངས་རྟགས་སོགས་ཕུལ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ཞང་བོད་ཚིག་མཛོད་ཆེན་མོ་དང་འབྲེལ་ཏེ་གསུང་བཤད་གནང་བཞིན་པ།

རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན་མཆོག་ནས་རྟེན་འབྲེལ་གསུང་བཤད་གནང་བཞིན་པ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་རྟེན་འབྲེལ་གསུང་བཤད་གནང་བཞིན་པ།

སྐད་གཉིས་སྨྲ་བ་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ་མཆོག་ནས་རྟེན་འབྲེལ་གསུང་བཤད་གནང་བཞིན་པ།

   དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་། ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། མཁན་པོ་ཚེ་རིང་ནོར་བུ་བཅས་ཀྱིས་ཀྱང་རྟེན་འབྲེལ་གྱི་ཤིས་ཚིག་དང་། ༼ཞང་བོད་ཚིག་མཛོད་ཆེན་མོ༽ འདི་གལ་ཆེན་ཡིན་ཚུལ། མ་བསྐུལ་དང་བླངས་ཀྱི་ལས་དོན་འདི་བོད་མིའི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་དཔལ་ཡོན་ལ་འབྲེལ་བ་ཡོད་ཚུལ། མདོར་ན་བོད་ཀྱི་ཚིག་མཛོད་རིག་གནས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཁ་བསྐང་སོང་ཞེས་པའི་བསྟོད་བསྔགས་སོགས་ཀྱིས་གནས་ཚུལ་མཇུག་བསྡུས་པ་བཅས་སོ།།

སྔོན་གླེང་
   འཛམ་གླིང་གི་ཚིག་མཛོད་རིག་པའི་ལོ་རྒྱུས་ཀྱི་གྲལ་དུ་བོད་ཀྱི་ཚིག་མཛོད་རིག་པ་ནི་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་ཡོད་པར་བཞེད་ཀྱང་། རང་རེའི་ཚིག་མཛོད་ཁག་དར་ཁྱབ་འགྲོ་བའི་ཚུལ་ལུགས་ནི་ཆོས་ཕྱོགས་དང་འབྲེལ་བའི་ཐ་སྙད་ཁག་དང་། བོད་པའི་རྒྱུན་སྤྱོད་ཀྱི་མིང་ཚིག་རིགས་གཙོ་བོར་བྱས་ཏེ་བསྡུས་པ་མང་། བོད་ཀྱི་ཐ་སྙད་ནི་གཙང་པོའི་རྒྱུན་བཞིན་ཟད་མཐའ་མེད་པ་གཞིར་བཅས་ད་དུང་མདོ་དབུས་ཁམས་གསུམ་གྱི་སྐད་བརྡའི་ནང་གི་ཐ་སྙད་ཁག་དང་། ཆེས་གནའ་བོའི་ཞང་ཞུང་གི་ཐ་སྙད། བོན་གྱི་རིག་པའི་གཞུང་ལུགས་ཁག་གི་ཐ་སྙད་སོགས་མང་པོ་ལུས་ཡོད། དེ་ཡང་དམ་ཆོས་ནང་འདྲེན་བྱས་པ་ནས་བཟུང་ཐུབ་བསྟན་རིག་པའི་ཐ་སྙད་གཙོ་བོར་བྱས་ཏེ་རིག་གནས་དང་སྲོལ་རྒྱུན་ལ་འབྲེལ་བའི་མིང་ཚིག་གང་མང་ཞིག་ཡོད་ཀྱང་། དམ་ཆོས་ནང་འདྲེན་མ་བྱས་པའི་སྔ་རོལ་གྱི་ཞང་ཞུང་དང་བོད་པའི་ཤ་དང་རུས་པའི་རྐང་གསེང་ནས་ཐོན་པའི་གཙུག་ལག་རྒྱ་མཚོའི་ཐ་སྙད་ཁག་རྣམས་བོན་གྱི་དཔེ་རྙིང་ཁྲོད་དུ་བཞུགས་པ་ཙམ་ལས་དེ་ལ་དོ་སྣང་དང་གཙིགས་སུ་འཛིན་མཁན་ཧ་ཅང་ཉུང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་མིའི་ངག་ལམ་ནས་བརྒྱུད་པའི་མིང་བརྡ་རྣལ་མ་གཙང་པོའི་རྒྱུན་ལྟར་བབས་པས་ཞང་བོད་ཀྱི་སྐད་བརྡ་རིག་པའི་ལྗང་གཞོན་གསར་དུ་འབུས་ནས་འཛད་མཐའ་མེད་པའི་ཐ་སྙད་བྱེ་བའི་རྨང་གཞི་གྲུབ་པ་ནས་བཟུང་། མེས་པོའི་རིག་གནས་ཕུན་སུམ་ཚོགས་ཤིང་འོད་སྟོང་འབར་བའི་ཤེས་རིག་གི་རྒྱལ་ཁམས་ཤིག་ཏུ་གྱུར། ཞང་ཞུང་གི་ཤེས་རིག་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ལ། རིན་ཐང་ལྡན་པའི་རིག་གནས་སྣ་ཚོགས་ཀྱིས་གྲུབ་པས་འཛམ་གླིང་མཐོ་སྒང་གི་མུ་ཏིག་ཕྲེང་གཅིག་ཏུ་ངེས་སོ། །
   དུས་རབས་གསར་པའི་གོ་སྐབས་བཟང་པོའི་མཚམས་འདིར་འཛམ་གླིང་སྤྱི་ཡོངས་ནས་རིག་གནས་ལོ་རྒྱུས་དང་བཅས་པར་མཐོང་ཆེན་བྱས་ཏེ། གནའ་བཟང་དེང་སྤྱོད་དང་སྔར་སྲོལ་ད་གནས་ཡོང་ཆེད།  སྲོལ་རྒྱུན་རིག་གནས་གཙིགས་སུ་འཛིན་བཞིན་པར་མ་ཟད། མི་རིགས་སོ་སོའི་རིག་གནས་དཔལ་ཡོན་དང་བཅས་པ་ཕྱོགས་སོ་སོ་ནས་ཉམས་པ་སླར་གསོ་དང་། མི་ཉམས་གོང་སྤེལ། སྟོང་ཆ་ཁ་བསྐོང་སོགས་ཀྱི་ཐབས་ལམ་ལ་བརྩོན་བཞིན་ཡོད་པས། རང་རེས་ཀྱང་མེས་པོའི་ཕ་ནོར་བུ་འཛིན་དང་། ཕུན་སུམ་ཚོགས་པའི་དཔལ་ཡོན་འདི་དག་ལ་སེམས་ཁོང་ནས་ཤ་ཚ་དང་གཅེས་སྤྲས། མྱུར་སྐྱོབ་དང་ཡར་རྒྱས། འཚོལ་བསྡུ་དང་ཁྱབ་སྤེལ། འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་འགན་དེ་གཙིགས་སུ་འཛིན་རྒྱུ་གལ་ཆེ།
   དེང་སང་བོད་རིག་པའི་ཁྱབ་ཁོངས་སུ་གཏོགས་པའི་རིག་ཚན་སོ་སོའི་ཚིག་མཛོད་གང་མང་ཞིག་བཞུགས་ཡོད་ཀྱང་། ལོ་རྒྱུས་ཀྱི་སྟོང་ཆ་ལྟ་བུར་གྱུར་པ་ནི་ཞང་ཞུང་དང་བོན་གྱི་ཚིག་མཛོད་དག་གྱུར་ཡོད་པའི་གཏན་ཚིགས་ཀྱིས། དེང་སྐབས་དུས་ཀྱི་འཁོར་ཕྱོགས་ལ་མཚོན་ན་བསྐལ་པ་བརྒྱ་ལ་དུས་ཚོད་གཅིག་ཅེས་པའི་དཔེ་ལྟར་ཁྱོན་ཡོངས་ནས་དུས་སྐབས་བཟང་པོའི་ཆ་རྐྱེན་འོག་བོན་གྱི་བཀའ་དང་བཀའ་བརྟེན་གཙོས་པའི་ཡིག་རིགས་མང་པོ་ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་བརྟེན། ངེད་རྩོམ་སྒྲིག་ཚོགས་མི་རྣམས་ལས་ཞོར་སློབ་ཞོར་གྱི་ཚུལ་དུ་ཉེ་བའི་ལོ་ངོ་བཅུ་ཕྲག་གཅིག་རིང་མེད་པ་ནས་ཡོད་པ། ཆུང་བ་ནས་ཆེ་བའི་ཁ་ཕྱོགས་ལ་དམིགས་ཏེ་ཞང་བོད་ཀྱི་ཚིག་མཛོད་ཆེན་མོ་འདི་ཉིད་རྩོམ་སྒྲིག་འབད་བརྩོན་བགྱིས་ཁུལ་ཡིན་མོད། འོན་ཏེ་བརྩམ་བྱའི་གཞུང་ནི་རྒྱ་ཆེ་ལ་གཏིང་ཟབ། ཐ་སྙད་ནི་རྩི་ཤིང་ནགས་ཚལ་ལས་གྲངས་མང་། གོ་དོན་རྟོགས་དཀའ་བའི་བརྡ་རྙིང་སྲ་མཁྲེགས་ཅན་དང་། ཐ་ན་དུས་རྒྱུན་བོད་མིའི་ངག་ལམ་དུ་ཡོད་པའི་ཐ་སྙད་གཏོ་དང་མདོས་སོགས་ཀྱི་གོ་དོན་སོ་སོའི་སྐབས་ཐོབ་ཀྱི་གོ་བ་རེ་མ་གཏོགས་ཆ་ཚང་གཏན་འཁེལ་དཀའ་བའི་རིགས་ཤིན་ཏུ་མང་ལ། ཁྱད་པར་གནའ་དུས་བོན་བསྟན་འཕེལ་རིམ་གྱི་ཁྲོད་དུ་གཤེན་བསྟན་སྔ་དར་སྐབས་ཞང་ཞུང་དང་བོད་ཡུལ་གྱི་འདུལ་དགོན་ཁག་ཐོག་མར་བཏབ་སའི་ཡུལ་དང་དེ་འདེབས་མཁན། སྐབས་དེའི་འདུལ་བའི་བཅའ་གཞི་སྒྲིག་ལམ་སོགས་མདོར་ཙམ་མ་གཏོགས་ཁ་གསལ་དེ་ཙམ་མེད་པ། སྔགས་བསྟན་འཕེལ་རིམ་གྱི་ནང་ལ་སྔགས་ཀྱི་སྒྲུབ་སྡེ་སོ་བདུན་དང་སྒྲུབ་གནས་སོ་དྲུག །བོད་ཀྱི་འདུ་གནས་སོ་བདུན་སོགས་ས་གནས་གང་ཡིན། གནས་དེར་བཞུགས་མཁན་སུ་ཡིན། མཛད་འཕྲིན་གང་བསྐྱངས་སོགས་དང་། དེ་བཞིན་བོན་གྱི་རྫོགས་པ་ཆེན་པོའི་བླ་རྒྱུད་ཞང་ཞུང་སྙན་རྒྱུད་ཀྱི་བླ་རྒྱུད་བརྒྱ་དང་ཉི་ཤུ་ལྷག་དང་། རྫོགས་ཆེན་བསྒྲགས་གསུམ་མ་བུ་གཉིས་ཀྱི་བླ་རྒྱུད། ཨ་ཁྲིད་བླ་རྒྱུད་བཅས་ཀྱི་མི་སྣ་དེ་དག་གི་འཁྲུངས་འདས་ཀྱི་དུས་ཚོད་དང་། ཉམས་ལེན་གནང་ཡུལ་སྒྲུབ་གནས་དང་སྒྲུབ་ཕུག་སོགས་དུས་ཡུན་རིང་བའི་འགྱུར་ལྡོག་གི་ཁྲོད་དུ་མཛུབ་བཙུགས་ཀྱིས་ངོས་འཛིན་དཀའ་བ། ཁ་ཤས་གཞུང་སོ་སོའི་དགོངས་དོན་དང་མཁས་པ་རྣམས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ། དེ་བཞིན་རྗེའི་མགུར་ལྷ་བཅུ་གསུམ་དང་འཇིག་རྟེན་བརྟན་མ་བཅུ་གཉིས་སོགས་གྲངས་འདྲེན་ཚུལ་དང་ས་གནས་གར་ཡོད་ངོས་འཛིན་སྐབས་གྲུབ་མཐའ་ཁག་གི་འདོད་ཚུལ་མི་འདྲ་བའི་གནད་ཀྱིས་ཐ་སྙད་དུ་མ་ཞིག་ཡིན་པའི་ཡིན་ཐག་མི་ཆོད། མིན་པའི་མིན་ཐག་མི་ཆོད་པའི་དཀའ་ངལ་མང་པོར་འཕྲད་དུས་སྔོན་བྱོན་ལོ་པཎ་མཁས་པ་རྣམས་ཀྱིས་དཀའ་བ་དང་དུ་བླངས་ཏེ་སྲོལ་རྒྱུན་གྱི་ཐ་སྙད་མང་པོ་ཞིག་ང་ཚོའི་མིག་སྔར་སྤྱོད་ཆོག་ཆོག་རྗེས་བཞག་གནང་བའི་བཀའ་དྲིན་དེ་དག་ཡང་ནས་ཡང་དུ་དྲན།
   ཚིག་མཛོད་ནི་དེབ་ཐེར་གཞན་དང་མི་འདྲ་བར་ཀུན་གྱིས་ཚད་འཛིན་གྱི་མ་ཡིག་ལྟ་བུ་ཡིན་པ་དང་། ཐ་སྙད་གང་ཞིག་མི་ཤེས་སྐབས་བློ་འདྲི་བྱ་ཡུལ་གྱི་གལ་ཆེའི་སློབ་སྟོན་པ་ཞིག་དང་། ཐོས་པ་བརྒྱ་ལས་མཐོང་བ་གཅིག་ཏུ་དགའ་ཞེས་པའི་དཔེ་བཞིན། མི་རིགས་རང་གི་ཤེས་རིག་སྣ་མང་དེ་མི་རིགས་གཞན་ལ་ངོ་སྤྲོད་དགོས་ན་ཚིག་མཛོད་ལས་གལ་ཆེ་བ་མེད་པའི་གནད་ཀྱིས། དེ་ལ་སྐྱོན་དང་ཞན་ཆ་མཆིས་ན་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས། ཚང་མས་དེ་དོན་ཡིད་གཟབ་གནང་རྒྱུ་གལ་ཆེན་ཡིན་པའི་རྩ་དོན་ཤེས་པ་གཞིར་བཅས། ཚིག་མཛོད་ཚད་ལྡན་ཞིག་བསྒྲིག་པ་ལ་འཛམ་གླིང་སྤྱི་འགྲོས་ཀྱི་ཚིག་མཛོད་རིག་པའི་འགྲོས་ལ་སློབ་གཉེར་དང་སྒྲིག་ཚུལ་སོགས་རྒྱུས་ལོན་ཡོད་དགོས་པ་དང་། སྐབས་དོན་གྱི་ཆེད་མཁས་དང་གདེང་ལྡན་གྱི་ཉམས་མྱོང་ཅན་ཞིག་ཡིན་དགོས་པའི་ཁར། བསོད་ནམས་དེ་མེ་སྟག་ཙམ་ཞིག་ཡོད་ན། བརྩོན་འགྲུས་དེ་རི་བོ་ཙམ་ཞིག་དགོས་ཞེས་པའི་དཔེ་ལྟར། ང་ཚོས་ཀྱང་ནུས་པ་ཡོད་ཚད་བཏང་སྟེ་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་མཐར་ཚིག་མཛོད་འདི་འདྲ་ཞིག་བསྒྲིགས་ནས་འགྲུབ་པ་ཡིན། གཤམ་དུ་ཚིག་མཛོད་འདི་བསྒྲིགས་པའི་རིམ་པ་ཅུང་ཟད་ཞུ་ན།
   ༢༠༠༨ལོར་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་སྔོན་འགྲོའི་གྲ་སྒྲིག་གི་ཚུལ་དུ་བོན་པོའི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཁག་དང་། རིག་གནས་ལོ་རྒྱུས། སྲིད་པ་རྒྱུད་ཀྱི་བོན་སོགས་འདུས་མདོ་བོན་སྒོ་བཞི་མཛོད་ལྔ་ནས་བོན་གྱི་ཐ་སྙད་ཕྱོགས་སྒྲིག་གི་སྤྱི་ཁོག་ཟིན་ཐོ་རྒྱས་བསྡུས་གཉིས་བཟོས་ཏེ། བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་ཆུང་ཞིག་ཡོད་ན་བཟང་བའི་བཀའ་མོལ་བྱུང་བ་ལྟར། བོན་གྱི་མཁས་པ་ཁག་ཅིག་གཙོ་བོར་བྱས་པའི་བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་ཆུང་ཞིག་འཛུག་རྒྱུའི་གྲོས་གཞི་བཟོས་ཤིང་། ༢༠༠༩ལོར་དཔེ་སྐྲུན་ཁང་དང་རྩོམ་སྒྲིག་ཚོགས་མི་རྣམས་ལྷན་དུ་འཛོམས་ཏེ་བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་མི་སྣ་དང་དེའི་ཁོངས་མི་རྣམས་གཏན་འཁེལ་གནང་ནས། རྩོམ་སྒྲིག་ཚོགས་པའི་གཙོ་འགན་པ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་བསྐོས་ཤིང་། ཁོངས་མི་གཙོ་བོར་རྟོགས་ལྡན་བསྐལ་ཁོ་དང་། སེང་སྤྲུལ་རིག་འཛིན་ཉི་མ། པཎ་ཙ་བསྟན་འཛིན་དར་རྒྱས། དགེ་བཤེས་སྐལ་བཟང་ནོར་བུ། ཨ་གྲགས་ཤེས་རབ་དཔལ་ཆེན། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་བཅས་མི་སྣ་བདུན་བསྐོས་སོ། ། 
   སྐབས་དེར་བོན་གྱི་གཞུང་ལུགས་ཁག་ལ་དབྱེ་སྒོ་དུ་མ་ཡོད་ཀྱང་གཙོ་བོ་བོན་སྒོ་བཞི་མཛོད་ལྔའི་འགྲོས་ལྟར་རྩོམ་སྒྲིག་པ་སོ་སོར་ཆབ་ནག་བོན་གྱི་སྐོར་དང་། ཕྱི་མཚན་ཉིད་ཐེག་པ། སྔགས་ཕྱི་རྒྱུད། སྔགས་ནང་རྒྱུད། རྫོགས་ཆེན། ལྷ་དང་སྲུང་མ། མི་སྣ། གནས་རི་སྒྲུབ་གནས། རིག་གནས་སྐོར། རྒྱལ་རབས་སྐོར། ཡོ་བྱད་སྐོར་བཅས་འགན་ཁུར་ཚན་པ་བཅུ་གཅིག་ཙམ་བཀོད་སྒྲིག་བྱས། དེ་ནས༢༠༠༩ལོའི་སྤྱི་ཟླ་༧པ་ནས་བཟུང་སྟེ་༢༠༡༠ལོའི་སྤྱི་ཟླ་༩པའི་ཚེས་འགོའི་བར་གྱི་ལོ་གཅིག་ལྷག་ཙམ་གྱི་རིང་ཐ་སྙད་བསྡུ་སྒྲིག་གི་ལས་ཀ་གཙོ་བོར་བྱས་ཀྱང་ཚིག་མཛོད་སྒྲིག་སྟངས་ཀྱི་ཉམས་མྱོང་མེད་པའི་རྐྱེན་གྱིས་ལས་ཀ་ཕལ་ཆེར་ཆུད་ཟོས་སུ་གྱུར། ༢༠༡༠ལོའི་ཟླ༡༢པར་ཚོགས་མི་རྣམས་སི་ཁྲོན་ཁྲིན་ཏུར་འཛོམས་ཏེ་སྔ་ལོའི་ལས་ཀའི་ཕྱོགས་བསྡོམས་དང་ལོ་སྔོན་མར་དཔེ་ཀློག་མ་ཐུབ་པའི་གཞུང་ལུགས་ཁག་མུ་མཐུད་དུ་གཟིགས་ཀློག་བྱས། ༢༠༡༣ལོའི་ལོ་འགོ་ནས་བཟུང་བོན་གྱི་ཐ་སྙད་སྤྱི་དང་། ཆོས་ལུགས་མི་སྣ། ལོ་རྒྱུས་མི་སྣ། ལྷའི་སྐོར། གསུང་རབ། དགོན་སྡེ། གནས་རི་སྒྲུབ་གནས། རྣམ་གྲངས་སྐོར། ཞང་ཞུང་གི་ཐ་སྙད། བཟོ་རིག་པ། སྒྲ་རིག་པ། ཕྱི་རིག་པ། ནང་རིག་པ། མདོ། སྔགས། རྫོགས་ཆེན། གསོ་བ་རིག་པ། ལོ་རྒྱུས་སྐོར་གཙོས་པའི་སྡེ་ཚན་བཅུ་བདུན་ཙམ་གསར་དུ་དབྱེ་ནས་ལོ་ངོ་གཉིས་ཀྱི་རིང་ཐ་སྙད་བསྡུ་སྒྲིག་དང་། ཐ་སྙད་འགྲེལ་བཤད་རྒྱག་རྒྱུ་སོགས་ཀྱི་ལས་ཀ་བསྒྲུབས། ༢༠༡༥ལོའི་ཟླ༡པོར་སི་ཁྲོན་ཁྲིན་ཏུར་ཚོགས་མི་ཀུན་ལྷན་འཛོམས་གནང་སྟེ། དེ་སྔོན་ལས་ཀའི་བརྒྱུད་རིམ་ནང་གི་ལས་དོན་ཚགས་ཚུད་བྱུང་མིན་དང་རྩོམ་སྒྲིག་མི་སྣ་འཕྲི་སྣོན་བྱས་ན་ལེགས་ཚུལ་གྲོས་འཆམ་བྱུང་། སྐབས་དེར་ལས་དོན་གྱི་རྐྱེན་གྱིས་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ལགས་ཀྱིས་དགོངས་པ་ཞུས་ཤིང་། ཨ་གྲགས་ཤེས་རབ་དཔལ་ཆེན་གྱི་ཚབ་དགེ་བཤེས་བསོད་ཁོས་གནང་རྒྱུ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གསར་ཞུགས་གནང་རྒྱུའི་གྲོས་ཐག་བཅད་དོ། །
   ཕྱིས་སུ་ཟླ་བ་གསུམ་རིང་ཁྲིན་ཏུར་ཚོགས་མི་ཚང་མ་ལྷན་དུ་འཛོམས་ཏེ་དེ་སྔོན་གྱི་ལོ་ངོ་ལྔ་ལྷག་རིང་གི་ལས་ཀའི་ལག་ལེན་ཁྲོད་ནས་བྱུང་བའི་གནད་དོན་མང་པོར་གྲོས་བསྡུར་གནང་བ་དང་། སྔོན་ཞང་ཞུང་དང་བོན་གྱི་ཐ་སྙད་སྣ་མང་སྐོར་གཞུང་ཚན་སོ་སོ་དང་སྡེ་ཚན་སོ་སོ། ཀ་ཁའི་སྡེ་ཚན་སོགས་འདྲ་མིན་བཟོས་ཡོད་ཀྱང་། དེ་དག་ཚིག་མཛོད་ཀྱི་སྤྱི་ཁོག་ལྟར། དང་པོ་རྒྱུན་སྤྱོད་མིང་ཚིག་གྲགས་ཆེ་བའི་བོན་གྱི་ཐ་སྙད་སྤྱི་དང་། གཉིས་པ་བོན་བསྟན་འཛིན་སྐྱོང་སྤེལ་མཁན་མཛད་རྗེས་ཅན་གྱི་གྲགས་ཆེའི་མི་སྣའི་སྐོར། གསུམ་པ་སྔར་ཡོད་ལོ་རྒྱུས་ཅན་དང་ད་ཡོད་བོན་གྱི་དགོན་སྡེ་རི་ཁྲོད་སྐོར། བཞི་པ་ལོ་རྒྱུས་ཐོག་གྲགས་ཆེ་བའི་བོན་གྱི་གནས་རི་དང་སྒྲུབ་གནས་སྐོར། ལྔ་པ་བོན་གྱི་བཀའ་འགྱུར་པོད་བརྒྱ་དང་དོན་བརྒྱད། བཀའ་བརྟེན་པོད་སུམ་བརྒྱ་ལྷག །དེ་བཞིན་སྲིད་པ་རྒྱུད་ཀྱི་བོན་པོའི་དཔེ་རྙིང་སོགས་གསུང་རབ་སྐོར་ངོ་སྤྲོད། དྲུག་པ་བོན་ལུགས་སུ་གྲགས་ཆེ་བའི་སྲུང་མ་དང་ཡི་དམ་ལྷ་ཚོགས་སྐོར། བདུན་པ་བོན་གྱི་རྣམ་གྲངས་སྐོར། བརྒྱད་པ་བོན་གྱི་ཡིག་རྙིང་ཁག་ནང་གསལ་བའི་ཞང་ཞུང་གི་ཐ་སྙད་སྐོར་བཅས་རྩ་བའི་ཚན་པ་བརྒྱད་ཀྱི་དབྱེ་བ་གསལ་པོར་བཟོས། གཞན་སྲིད་པ་རྒྱུད་ཀྱི་བོན་སྐོར་དང་གོང་གསལ་ཚན་པ་སོ་སོའི་ཐ་སྙད་ཁ་གསབ་གནང་བ་སོགས་ཞིབ་བཤེར་དང་འབྲེལ་བའི་དག་སྒྲིག་མཛད་དོ། །
   དེའི་རྗེས་སུ་བོན་གྱི་གནས་རི་སྒྲུབ་གནས་དང་བོན་གྱི་མི་སྣའི་སྐོར་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་གཙོས་པས་འགན་བཞེས། བོན་གྱི་གསུང་རབ་སྐོར་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་རྟོགས་ལྡན་བསྐལ་ཁོ་གཉིས་ཀྱིས་རྨང་གཞི་བཟོས་པ་ལྟར་པཎ་ཙ་བསྟན་འཛིན་དར་རྒྱས་ཀྱིས་ཞིབ་ཚགས་ཀྱིས་དག་སྒྲིག་འགན་བཞེས། ཞང་ཞུང་གི་ཐ་སྙད་སྐོར་ཚོགས་མི་རྣམས་ཀྱིས་ཕྱོགས་ཀུན་ནས་བཏུས་པ་ལ་སེང་སྤྲུལ་རིག་འཛིན་ཉི་མས་བསྐྱར་ཞིབ་ཀྱི་འགན་ཁུར། སྲུང་མ་ཡི་དམ་ལྷ་ཚོགས་སྐོར་ཚོགས་མི་སོ་སོས་ཕྱོགས་བསྡུས་བྱས་པ་ལ་དགེ་བཤེས་བསོད་ཁོས་ཞིབ་བལྟས་འགན་ཁུར། དགེ་བཤེས་ཤེས་རབ་གྲགས་པ་དམིགས་བསལ་རྩོམ་སྒྲིག་པར་གདན་ཞུ་བྱས་ཏེ་བོན་གྱི་དགོན་སྡེ་རི་ཁྲོད་སྐོར་གྱི་གཙོ་འགན་བཞེས། རྟོགས་ལྡན་བསྐལ་ཁོ་དང་། དགེ་བཤེས་སྐལ་བཟང་ནོར་བུ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། རིན་སྤུངས་ཚུལ་བསྟན་རྣམས་ཀྱིས་སྤྱི་ལོ་༢༠༡༥ལོའི་ཡར་སྔོན་ཕྱོགས་བསྡུས་བྱས་པའི་སྡེ་ཚན་ཁག་བརྒྱད་ཀྱི་ཚན་པ་སོ་སོའི་ནང་དུ་མ་འཁོད་པ་དང་མ་འདུས་པའི་རིགས་ཁ་སྐོང་དང་དག་བཅོས་ཀྱི་འགན་བཞེས་སོ། ། 
   དེའི་རྗེས་རྩོམ་སྒྲིག་ཚོགས་མི་རྣམས་ལོ་རེར་མ་མཐར་ཡང་ཐེངས་རེར་འཛོམས་ནས་ལས་ཀར་ཕྱོགས་སྡོམ་དང་ཐ་སྙད་ཁ་གསབ། འཕྲི་སྣོན་དག་བཅོས་སོགས་བྱས་ཏེ་ལོ་ངོ་བཅུ་ཕྲག་གཅིག་གི་ལས་དོན་ཚང་མ་ཕྱོགས་བསྡུས་བྱས་མཐར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་ཡར་ཞུ་ཕུལ་བས། དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་དང་ཆོག་མཆན་བརྒྱུད་ནས་དཔེ་སྐྲུན་གྱི་མ་དངུལ་སོགས་མཐུན་རྐྱེན་བསྐྲུན་པ་ཡིན་ནོ། །
   ཚིག་མཛོད་འདིའི་རྒྱབ་ལྗོངས་དང་དམིགས་འབེན་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདི། །རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ། །ཅེས་པ་ལྟར། ངེད་རྩོམ་སྒྲིག་ཚོགས་མི་ཡོངས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབད་བརྩོན་བགྱིས་ཏེ་བོན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ནང་ནས་ཟིན་ཏིག་དང་། ཤེས་ལྡན་ཐུན་མོང་ལ་ལོ་རྒྱུས་ལམ་སྟོན་གྱི་དམིགས་བུ་ལྟ་བུ་ཞིག་དང་། སྤྱིར་བོན་གྱི་ཤེས་རིག་ནོར་བུའི་བང་མཛོད་དུ་འཇུག་པ་ལ་རིག་པའི་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་འགྱུར་བའི་སྨོན་འདུན་གྱི་རྒྱས་བཏབ་སྟེ་འབད་བརྒྱས་བསྐྲུན་པའི་ཉིང་དགོས་ཡིན་ནོ། །
   ཚིག་མཛོད་འདིའི་ནང་དུ་བསྡུས་པའི་ལྷ་ཚོགས་དང་། སྲུང་མ། མི་སྣ། གསུང་རབ། ཆོ་ག །འགྲེལ་བཤད། དགོན་སྡེ། གནས་རི། སྒྲུབ་གནས། རྣམ་གྲངས་སོགས་བསྡུ་སྒྲིག་དང་ཞུ་དག །རྩོམ་སྒྲིག་བྱས་ཏེ་ལོ་ངོ་བཅུ་འདས་ཤིང་བོན་གྱི་ཐ་སྙད་མང་ཤོས་འདུས་པའི་ཚིག་མཛོད་དང་པོར་གྲུབ་ཡོད། ཡིན་ནའང་། རྩོམ་སྒྲིག་པའི་ཁྲོད་དུ་མདོ་དབུས་ཁམས་གསུམ་གྱི་མི་སྣ་མང་པོ་ཡོད་ལ། རྩོམ་འབྲི་གནང་སྐབས་ཐ་སྙད་སོ་སོར་འགྲེལ་བཤད་ཀྱི་རྣམ་པ་མང་ཡང་། གཙོ་སྒྲིག་པས་གཅིག་གྱུར་བྱེད་གང་ཐུབ་བྱས་མོད་ད་དུང་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་རིན་བྲལ་གྱི་དགོངས་འཆར་གནང་ཚེ་ང་ཚོས་པར་གཞི་གཉིས་པའི་སྐབས་སུ་ཡོ་བསྲང་དང་འཐུས་ཚང་དུ་གཏོང་ངེས་སོ། ། 
   ཚིག་མཛོད་འདི་གཙོ་སྒྲིག་གི་ལས་རིམ་ཁྲོད་དུ་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་དུ་མས་སེམས་བསམ་པའི་ཡི་རངས་དང་ངག་ལེགས་པས་འབོད་སྐུལ་གནང་བ་དང་། ལྷག་པར་ཏུ་རྒྱུ་དངོས་པོའི་རོགས་སྐྱོར་གནང་མཁན་ངེད་རྩོམ་སྒྲིག་ཚོགས་པའི་ཁོངས་མི་རྟོགས་ལྡན་བསྐལ་ཁོ་ལགས་ཀྱི་ཡུན་ནན་ཞིང་ཆེན་ཁུན་མིན་(昆明)དང་། ཏཱ་ལིས། (大理)རུའུ་ལིས། (瑞丽)ཐིན་ཁྲུང་(腾冲)གྲོང་ཁྱེར་བཅས་སུ་ཡོད་པའི་ཁོང་གི་སློབ་མ་རྣམས་ཀྱིས་ལོ་མང་རིང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཐུགས་ཁུར་རྒྱབ་སྐྱོར་འོག་ཚིག་མཛོད་འདི་དཔེ་སྐྲུན་གནང་ཐུབ་པ་བཅས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་བཅས། 
ཞེས་ཞང་བོད་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ལྷན་ཚོགས་ཀྱིས་འབྱུང་ལྡན་སུམ་བརྒྱ་གཅིག་གི་ཉག་མ་སོ་དྲུག་པ། བོད་ས་ཕག་ལོ་སྟེ་སྤྱི་ལོ་༢༠༡༩ལོའི་ཟླ༥པའི་ཚེས་༢ཉིན་གྱི་གཟའ་སྐར་འཕྲོད་ལེགས་བླ་གཟའ་ཕུར་བུ་ཉིན་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་སྦྱར་བ་ཐ་ཚན་མུ་ཙུག་སྨར་རོ། །
 

2015/8/8དཔྱིད་མི་འགྱུར་བས་གྲོང་ཁྱེར་དུ།

2016/1/1ཉིན་ཁྲིན་འདུ་རུ།

2015/8/25གནས་ཆེན་རི་བོ་བྱ་རྐང་དུ།

2015/8/16ཉིན། ཏ་ལས་རྣ་མཚོ་རུ།

2015/8/8ཉིན་ཁུན་མན་གནམ་ཐང་དུ།

2017/12/28ཉིན།

  2018/1/16ཁུན་མན་ཐུན་ཁྲོང་དུ།

 2019/8/29ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ།

2019/6/1ཁྲིན་འདུ་རུ་ཚིག་མཛོད་ཞིབ་བཤེར་གཏན་འབེབས་ཚོགས་འདུ།

2019/1/18ཡོན་ནན་རེའུ་ལེས་སུ།

  2015/3/30/ཉིན་༼བོད་ཡིག་ཚིག་མཛོད་ཆེན་མོ་༽ལས་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཕྱོགས་བསྡུས་ཚོགས་འདུ་དེ་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པས་བསྡུ་བསྐང་གནང་བ།
སྒྲིག་སྟངས།
ཚིག་མཛོད་འདི་སྟོད་ཆ་དང་། བར་ཆ། སྨད་ཆ་གསུམ་དུ་བགོས་ནས་ཐ་སྙད་སོ་སོའི་འགྲེལ་བཤད་མ་བརྩིས་པར་དབུ་ཡིག་མིང་ཚིག་ཁོ་ན་སྟེ། དཔེར་ན། སངས་རྒྱས་གཡུང་དྲུང་བོན་ལྟ་བུ་ཐ་སྙད་གཅིག་བརྩིས་པའི་མིང་ཚིག་དྲུག་ཁྲི་དགུ་སྟོང་ལྷག་བསྡུས་ཡོད། 
ནང་དོན་གཙོ་བོ་ཁག་ཕྱོགས་བརྒྱད་ཀྱི་སྒོ་ནས་མཚོན་ཏེ། དང་པོ་ནི་རྒྱུན་སྤྱོད་མིང་ཚིག་ཡིན་མིན་ལ་མ་ལྟོས་པར་བོན་གྱི་ཐ་སྙད་སྤྱི་ལས་མིང་ཚིག་ཁག་དང་ཐ་སྙད་སོ་སོའི་འགྲེལ་བཤད་སོགས་ཚིག་ཚོགས་ཀྱི་སྐོར་དང་། གཉིས་པ་ནི་བོན་གྱི་གྲགས་ཆེའི་མི་སྣ་སྟེ་མདོ་འདུལ་རྒྱུད་མི་སྣ་རེ་རེ་བཞིན། སྔགས་ཀྱི་གྲུབ་ཆེན་རིག་འཛིན་བརྒྱད་ཅུ་དང་གཏེར་སྟོན་བརྒྱ་རྩ་སོགས། སེམས་ཕྱོགས་ཨ་སྙན་རྫོགས་གསུམ་གྱི་རྒྱུད་པ་དང་འབྲེལ་བའི་མི་སྣ་དགུ་བརྒྱ་ལྷག་གི་ངོ་སྤྲོད། གསུམ་པ་ནི་གནའ་དེང་གི་ལོ་རྒྱུས་སུ་བྱུང་བའི་བོན་གྱི་དགོན་སྡེ་རི་ཁྲོད་དྲུག་བརྒྱ་ལྷག་གི་ངོ་སྤྲོད། བཞི་པ་ནི་ལོ་རྒྱུས་ཐོག་གྲགས་ཆེ་བའི་བོན་གྱི་གནས་རི་དང་སྒྲུབ་གནས་སྐོར་ཏེ། དཔེར་ན། ངན་ལམ་རལ་གསུམ་ཞེས་པ་ལྟ་བུ་སྒྲུབ་གནས་གཅིག་ཏུ་བརྩིས་པའི་གནས་རི་སྒྲུབ་གནས་བདུན་བརྒྱ་ལྷག་གི་ངོ་སྤྲོད། ལྔ་པ་ནི་བོན་གྱི་བཀའ་འགྱུར་པོད་བརྒྱ་དང་དོན་བརྒྱད། བཀའ་བརྟེན་པོད་སུམ་བརྒྱ་ཉི་ཤུ་དང་དེ་བཞིན་སྲིད་པ་རྒྱུད་ཀྱི་བོན་སྐོར་མདོས་རིགས་སོགས། མདོར་ན་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལྟ་བུའི་གསུང་རབ་དྲུག་བརྒྱ་ལྷག་གི་ངོ་སྤྲོད། དྲུག་པ་ནི་བོན་ལུགས་སུ་གྲགས་ཆེ་བའི་སྲུང་མ་དང་ལྷ་ཚོགས་སྐོར་དང་། དེ་དག་གི་སྐུ་མདོག་དང་ཕྱག་མཚན་སོགས་སྒྲུབ་གཞུང་སོ་སོའི་སྐུ་བསྟོད་དང་མངོན་རྟོགས་ལྟར་ངོ་སྤྲོད། བདུན་པ་ནི་བོན་གྱི་རྣམ་གྲངས་ཡིག་འབྲུ་འབུམ་ལྔ་ལྷག་བསྡུས་ཡོད། བརྒྱད་པ་ནི་བོན་གྱི་ཡིག་རྙིང་ཁག་ནང་གསལ་བའི་ཞང་ཞུང་གི་ཐ་སྙད་སྐོར་ལ་ཡིག་འབྲུ་ཁྲི་ལྔ་ཙམ་བསྡུས་ཡོད། ཚིག་མཛོད་སྒྲིག་སྟངས་སྐོར་བཤད་པ་ལ།
གཅིག །ཚིག་མཛོད་ནི་བོད་ཡིག་ཀ་མད་སུམ་ཅུ་དང་རྗེས་འཇུག་བཅུ། དབྱངས་བཞི། སྔོན་འཇུག་ལྔ། མགོ་ཅན་གསུམ། འདོགས་ཅན་བཞི་སོགས་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད།
གཉིས། ཞང་ཞུང་སྐད་དང་། བརྡ་རྙིང་། མངོན་བརྗོད། ཡུལ་སྐད་བཅས་ཀྱི་རིགས་གཅིག་གྱུར་གྱིས་གུག་རྟགས〔〕འདིའི་ནང་དུ་བཀོད་ཡོད། དཔེར་ན། 〔ཞང〕〔རྙིང〕〔མངོན〕〔ཡུལ〕ལྟ་བུས་མཚོན་ནོ། །
གསུམ། ཐ་སྙད་གཅིག་དོན་དུ་མར་འཇུག་པའི་རིགས་ཏེ། དཔེར་ན། དལ་འགྲོ་ཞེས་པ་ལྟ་བུར།〔མངོན〕(༡)རྒྱུག་ཆུ། (༢)ངང་པ་དཀར་པོ། (༣)གཟའ་སྤེན་པ། (༤)རུས་སྦལ་བཅས་བཀོད་ཡོད། 
དོན་གཅིག་མིང་གི་རྣམ་གྲངས་གང་ཡོད་གུག་རྟགས་()འདིའི་ནང་ཨང་རིམ་བཞིན་བཀོད་ནས་གཅིག་གྱུར་བྱས་ཡོད། དམིགས་བསལ་གྲངས་འདྲེན་གྱི་རིགས་ལ ༡ ༽དང་། ༢ ༽ཞེས་ཨང་རིམ་བཞིན་བཀོད་ཡོད། གྲངས་འདྲེན་འགྲེལ་བཤད་ཅན་གྱི་རིགས་ལ་༡.དང་༢.ཞེས་ཨང་རིམ་བཞིན་བཀོད་ཡོད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།