《སྐམ་ཚང་གསུང་འབུམ་དཔེ་རྙིང་གཟི་རྒོད་ནོར་བུའི་དཔེ་ཚོགས》འགྲེམ་སྤེལ་བྱས།

[ཟླ་ཚེས། 2019-10-06 21:00:22][རྩོམ་པ་པོ། སྐམ་ཚང་མཉམ་ཉིད་བྱམས་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྐམ་ཚང་སྦྲ་ཚང་གི་གཙོ་སྒྲིག་བྱས་པའི་སྐམ་ཚང་གསུང་འབུམ་གཟི་རྒོད་ནོར་བུའི་དཔེ་ཚོགས་འགྲེམ་སྤེལ་བྱས་པའི་སྔོན་བརྡ།

སྔོན་གླེང་།

  རྒྱལ་བའི་དགོངས་གསང་ཟབ་མོ་གཅིག་དུ་བསྡུས་པའི་ཁ་བ་གངས་ཅན་ལྗོངས་ཀྱི་རིག་གནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་འདི། མི་ལོ་མང་པོའི་གོང་དུ་རྒྱལ་བ་གཤེན་རབ་མི་བོ་ཆེས་སྲོལ་གཏོད་པའི་མདོ་སྔགས་ཀྱི་བསྟན་པ་འདི་ཉིད། དང་པོ་བྱུང་བའི་ཁུངས་བཙུན། བར་དུ་བསྟན་པའི་ལམ་བཟང་། ཐ་མ་གྲུབ་པའི་འབྲས་བུ་ཆེ་ཞིང་། ལུང་རྟོགས་གཉིས་ཀྱིས་བསྡུས་པའི་རིག་གནས་འདི་ཉིད་ལོ་རྒྱུས་དར་ནུབ་ཀྱི་འགག་འཕྲང་དོག་མོའི་ཁྲོད་དུ། སྔ་དར་བར་དར་ཕྱི་དར་གསུམ་དུ་སོང་ཡང་། རྒྱལ་བའི་རྣམ་སྤྲུལ་མི་གཟུགས་སུ་བྱོན་པའི་མེས་པོ་རྣམས་ཀྱི་སྲུང་སྐྱོབ་བྱས་ནས། ད་ལྟ་མིག་མདུན་དུ་ཁྲ་ལམ་མེར་ཤར་བ་འདི། སྔོན་བྱོན་མེས་པོ་གོང་མས་བཞག་པའི་བཀའ་དྲིན་ཉག་གཅིག་ཡིན་པར་གོར་མ་ཆགས། རྒྱལ་ཁབ་ཀྱིས་ཤེས་རིག་ལ་བདག་རྐྱེན་དང་། གླེགས་བམ་ལ་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུའི་སྲིད་ཇུས་གལ་ཆེན་དུ་མཐོང་ནས། རིག་གནས་ལོ་རྒྱུས་ཀྱི་ཡིག་ཆ་འཚོལ་བསྡུ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་བྱ་བཞག་ཐད་དགོས་ངེས་ཀྱི་རྒྱུ་ཆ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མི་ཉམས་འཕེལ་རྒྱས་གཏོང་བའི་གལ་ཆེའི་ཐབས་ལམ་དང་། མི་དམངས་སྲིད་གྲོས་ཀྱི་ལས་ཀའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན་པར་བསམ་ནས། སྐམ་སྦྲ་ཚང་གི་རྒྱུན་འཛིན་ཕ་སྐམ་བླ་མ་གཡུང་དྲུང་རྒྱལ་མཚན་མཆོག་གིས་སྐམ་ཚང་གི་གསུང་འབུམ་བསྡུ་རུབ་མ་བྱས་པ་ཡིན་ན་དཔེ་ཆ་འགའ་ཞིག་ཉམས་འགྲོ་བ་འདུག་བསམ་ནས། མ་དཔེ་ཕྱོགས་གང་སར་བརྩལ་འཚོལ་བྱས་ནས། ངེད་གཉིས་ཀྱིས་འཇོན་ནུས་གང་ཡོད་བཏང་ནས། རང་ཚང་ལ་ཡོད་པའི་དཔེ་རྙིང་དང་གཞན་གྱི་དཔེ་རྙིང་བསྡུ་རུབ་གང་ཐུབ་བྱས་ཐོག 《སྐམ་ཚང་གསུང་འབུམ་དཔེ་རྙིང་གཟི་རྒོད་ནོར་བུའི་དཔེ་ཚོགས་》འདི་ཉིད་ཇི་སྲིད་སྐྱེ་འགྲོའི་བདེ་སྐྱིད་ཀྱི་གཉེན་པོ་ཡུན་དུ་གནས་པའི་ཁྱད་དུ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་ནས། བཅུ་ཕྲག་རིག་གནས་འདི་ཉིད་སྲོག་རྩ་ལྟ་བུ་དང་། བླ་རབས་གོང་མ་རྣམས་ཀྱི་མཛད་པའི་གསུང་འབུམ་དེ་དག་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་གཙང་མ་ཞིག་ཡིན་པར་བརྟེན། ཤེས་བྱ་རིག་པའི་གནས་ལ་རྩལ་སྟོབས་ལྡན་ཞིང་རྣམ་དཔྱོད་ཀྱི་ཁོ་ལག་རབ་ཏུ་རྫོགས་པ། བཅུ་ཕྲག་རིག་གནས་ཀྱི་དགོངས་དོན་གསལ་བར་རྟོགས་པའི་གདུང་རྒྱུད་གསེར་རིའི་ཕྲེང་བ་ལྟར་མཁས་ཤིང་གྲུབ་པའི་སྐམ་ཚང་བླ་མ་རྣམ་པས་མཛད་པའི་གསུང་རྩོམ་ངེས་མེད་ཕྱོགས་ཕྱོགས་སུ་འཐོར་བུར་གནས་པ་དེ་དག་ཚང་མ་བསྡུ་རུབ་བྱས་ནས། མ་དཔེ་བསྡུ་རུབ་བྱེད་རྒྱུ་དང་གློག་ཀླད་བརྒྱབ་ཡ་ཞུ་དག་དངུལ་སོགས་གང་ཅིའི་ཐད་དཀའ་ལས་མང་པོ་བྱུང་ཀྱང་། བཟོད་སྲན་གྱི་སྒོ་ནས་སྐམ་ཚང་གི་གསུང་འབུམ་འདི་ནི་ཡིག་འཐོར་དང་། འགའ་ཞིག་མ་དཔེ་གཅིག་ལས་མེད་པ་ཆགས་འདུག་བསམ་ནས། དཀའ་སྡུག་ཚད་མེད་མྱོང་ཀྱང་། མཐར་འཇུག་བསྡུ་རུབ་ཐོབ་ཙམ་བྱུང་། འདིའི་ནང་ཡོད་པའི་དཔེ་ཆ་བསྡུ་རུབ་བྱས་པ་མང་པོ་ཞིག་ད་བར་མཐོང་མྱོང་མེད་པའི་དཔེ་དཀོན་ཤ་སྟག་ཡིན། གསུང་རྩོམ་གྱི་ནང་དོན་ལ་གཞིགས་པའི་ཚན་པ་ལྔ་བཅུ་ལྔ་བདུན་དུ་ཕྱེས་ཡོད། དེ་དག་ནི་བརྡ་དག་རྩ་ཚིག་དང་། རྩིས་ཡིག་སྐོར། སྨན་ཡིག གཟུངས་འབུམ་སྐོར། རབ་གནས་སྐོར། རིག་ལམ་ནོར་བུའི་ཕྲེང་བ། བསྡུས་གྲྭའི་རྣམ་བཤད། ཤེར་ཕྱིན་སྐབས་དང་པོ། འདུལ་བའི་རྣམ་བཤད། བཤད་གྲྭའི་བཅའ་ཡིག བཤད་པའི་གཞུང་རྒྱུད། བཤད་པའི་གཞུང་བསྒྱུར་གནང་བའི་ཚིག་བཤད། མཚན་བཏགས་ཚིག་བཤད་རབ་དཀར་པད་མོའི་འཕྲེང་མཛེས། མཚན་བཏགས་སྐབས་ཀྱི་མཆོད་ཚིགས་འགྲེལ་སྐོར། རྣམ་ཐར་སྐོར། ཉམས་མགུར་སྐོར། སྐམ་ཚང་ལོ་རྒྱུས། བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་སྐོར། མོ་ཡིག་སྐོར། གསང་སྔགས་སྤྱི་ཡི་འགྲོ་ལུགས། རྫས་བསགས་དང་བཅའ་ཐབས་སྐོར། ཟིན་རིས་སྐོར། དཔལ་གཤེན་བསྟན་སྨན་རིའི་འཚོགས་འདོན་རྒྱས་པ། ཕྱག་བཞེས་སྐོར། ཀུན་འབུམ་སྐོར། སྐྱེ་སྒོའི་སྐོར། བྱམས་མའི་སྐོར། ཛཱ་ཐིས་སྐོར། ཀུན་བཟང་གྲགས་འཁྲོས་སྐོར། ཁྲོ་བོ་འབྲིང་པོ། ལི་ཤུའི་ཐུགས་སྒྲུབ་སྐོར། མཉམ་མེད་བླ་སྒྲུབ་སྐོར། སྐྱབས་གནས་སྤྱི་འདུས་སྐོར། རྩ་གསུམ་སྐོར། ཚེ་སྒྲུབ་སྐོར། བྱང་བུའི་སྐོར། མཚམས་བཅད་སྐོར། སྐྱབས་འགྲོའི་སྐོར། གསོལ་འདེབས་ཀྱི་སྐོར། རྒྱུད་ཕྱག་སྐོར། སྔགས་འགྲིགས་སྐོར། རྒྱུད་བསྐང་སྐོར། བསྐང་བའི་སྐོར། བསྐང་མདོས་སྐོར། སྐུ་སྟོད་སྐོར། བླ་བསླུ་འཆི་བསླུ་སྐོར། སྲུང་བའི་སྐོར། བཟློག་པའི་སྐོར། བསད་པའི་སྐོར། སྦྱིན་སྲེག་སྐོར། དབང་ཆོག་སྐོར། རྣམ་རྒྱལ་གཡང་སྒྲུབ་དང་རྣམ་རྒྱལ་རྒྱ་ནག་ལུགས་ཀྱི་གཟུངས་སྡེ་བྱུང་བའི་ཁ་འདོན་སྒྲུབ་མཆོག བཀྲ་ཤིས་སྐོར། སྲུང་མའི་སྐོར། ཡུལ་ལྷའི་སྐོར། གཞན་ཡང་ཡིག་རིགས་སྣ་ཚོགས་སྐོར་སོགས་ཡོད་པ་རྣམས་རེ་རེ་བཞིན་གོ་རིམ་ལྟར་ཕྱོགས་གཅིག་ཏུ་བསྡེབས་ནས་བསྒྲིགས་པའི་《སྐམ་ཚང་གསུང་འབུམ་གཟི་རྒོད་ནོར་བུའི་དཔེ་ཚོགས་》འདི་ཉིད་པར་དུ་བསྐྲུན་ཡོད།ཕྱོགས་བསྒྲིགས་བྱེད་པའི་བརྒྱུད་རིམ་ནང་བྱ་བ་གཞན་གྱི་ལས་ཀའི་བྲེལ་བའི་དབང་གིས་ཞུས་དག་བྱེད་ཁོམ་ཉུང་ཞིང་མིག་བར་ནས་ཤོར་བ་དང་།མ་རྟོགས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ནོར་བ་གང་མང་ཡོད་སྲིད་པས། རྒྱ་ཆེའི་གཟིགས་པ་པོ་རྣམས་ལ་དགོངས་གསོལ་ཞུ་རྒྱུ་དང་། ལྷག་པར་དུ་འདིར་མ་ཚུད་པས་སྐམ་ཚང་གི་ཡིག་ཆ་ལུས་པ་སོགས་ཡོད་སྲིད་པ་མ་ཟད་ཞན་ཆའི་རིགས་ཇི་སྙེད་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་སློབ་ལམ་སྟོན་གནང་བའི་རེ་བ་ཞུ། སྒོའམ་སྐམ་མཉམ་ཉིད་བྱམས་མ་བདག་གིས་ལས་ཞོར་དུ་བྲིས་པའོ།། ༢༠༡༩།༧།༡༦།

མཇུག་གཏམ།

  གངས་དཀར་རི་བོ་དཔངས་མཐོ་ཞིང་རྩེ་མོ་སྤྲིན་པར་དགུང་ལ་བསྙེགས། གཡའ་སྤང་རྫ་བྲག་ནགས་ཚལ་རྔམ་བརྗིད་རི་དྭགས་གཅན་གཟན་བག་ཡངས་རྒྱུ། ཐང་གཤོངས་ན་དམར་འདོ་ཕྲུག་རྟ་དང་རྭ་བ་སྒོ་བཞི་གཟན་ལ་རོལ། དཀར་དམར་མེ་ཏོག་ཚོམ་བུ་མཛེས་ཤིང་དྭངས་ཤིང་གཙང་མའི་མཚོ་མོ་འཁྱིལ། མི་རྣམས་དགེ་སྒྲུབ་སྡིག་སྤང་བྱེད་ཅིང་རིག་གཞུང་གཙང་མ་ཁུར་དུ་བཞེས། ཀྲུང་ཧྭ་མི་རིགས་སྤྲོ་སྐྱིད་ལྡན་ཞིང་ཤེས་རིག་ཡོན་ཏན་སྒོ་མོ་འབྱེད། མི་དམངས་སྲིད་གྲོས་ལས་ཀའི་གཙོ་བོ་རིག་གནས་ཅན་གྱི་རྒྱལ་ཁབ་སྐྲུན། དམངས་ཀྱི་ེཁྱད་དུ་བྱ་བཟང་སྒྲུབ་ནས་ཉམས་ཆུང་འགྲོ་ལ་བྱམས་སྐྱོང་བྱེད། མཐོ་སྒང་ས་ཡི་ཐིག་ལེ་ཆེན་པོ་ཞང་བོད་ཤེས་རིག་དར་བའི་ས། གངས་ཅན་ཁ་བའི་ལྗོངས་འདིར་དར་བའི་རིག་གཞུང་འདི་ཉིད། སྐྱེ་འགྲོའི་ཕན་བདེ་བདེ་སྐྱིད་ཀྱི་རྩ་བའམ་འབྱུང་གཞི་ཡིན་པར་བརྟེན། ད་རེས་རིག་གཞུང་འདི་ལ་དུང་བ་ཡོད་པའི་སྐྱ་སེར་སུ་ཡིན་རུང་རང་ནུས་གང་ཡོད་ཀྱི་ཕྲག་ཐོག་འོས་འགན་སྒྲུབ་རྒྱུ་ནི་གལ་ཆེན་རེད་གསུང་པ་བཞིན། འོད་གསལ་ལྷ་ཡི་གདུང་ལས་འཁྲུངས་པའི་སྐྱེས་མཆོག་རྣམས་ཀྱིས་གསུང་པའི་གསུང་འབུམ་འདི། མེས་པོ་གོང་མའི་ཐུགས་དམ་ལས་བྱུང་བ། མི་རིགས་ཀྱི་སྲོག་རྩ་དང་འབྲེལ་བའི་ཡིད་བཞིན་ནོར་བུ་ཡིན་པར་སྨྲོས་མ་དགོས་པར་དེ་ཉིད་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་དཔེ་ལྟར་། རང་རེའི་ཕྲག་ཐོག་ཏུ་བབ་པའི་འོས་འགན། ལྕེ་ཐོག་དུ་བཞག་པའི་བདུད་རྩི། ལས་ལ་བསྐོས་པའི་རིན་ཐང་རེད་བསམ་པའི་ཀུན་སློང་གི་བསམ་པ་གཏིང་ནས་སློང་སྟེ་དེར་མ་ཚད་མེས་པོ་གོང་མས་བཞག་པའི་རིགས་གཞུང་འདི་ཉིད་མེ་ཆུ་ས་རླུང་གི་དབྱིངས་སུ་ཐིམ་ཞིང་མེད་པར་གྱུར་ནས། ཤེས་རིག་དང་རིག་གཞུང་མེད་པའི་མི་རིགས་དེ་ནི། སྲོག་རྩ་མེད་པའི་མི་དང་འདྲ་བ་ཡིད་རེ་ཕངས་བསམ་ནས་གསུང་འབུམ་འདི་ཉིད་མ་ཕྱི་བསྡུ་བ་དང་གློག་ཀླད་ནང་བཅུག་པ། ཞུ་དག་སོགས་འབད་པ་ཧུར་བརྩོན་བྱས་ནས་ཉིན་མཚན་དབྱེར་མེད་དཀའ་ལས་ཁག་ལ་མ་འཛེམས་པར་ཉིན་གྱི་ཟས་དང་མཚན་གྱི་གཉིད་ཀྱི་རྒྱུ་བ་དྭངས་ནས་སྐྲུན་པ་ཞིག་ཡིན། པར་སྐྲུན་འགྲེམ་སྤེལ་བྱེད་པ་འདི་ནི། རང་ཉིད་ཀྱི་རྒྱུ་དང་དངུལ་སོགས་དངོས་པོ་ཐོབ་པའི་ཆེད་དུ་མིན་ལ། འཕྲག་དོག་དང་འགྲན་སེམས་ཀྱི་ཆེད་དུ་དེ་བས་མིན། མཁས་ཤིང་གྲུབ་པ་ཐོབ་པའི་སྐམ་ཚང་གསུང་འབུམ་འདི་རིག་གཞུང་དོན་གཉེར་ཅན་གྱི་སྤྱན་ལམ་དུ་བཤམས་སྟོན་ཐུབ་པའི་དཔེ་ཚོགས་ནི། ལོ་རྒྱུས་རྣམ་ཐར་ཞལ་གདམས།གཟུངས་འབུམ། རབ་གནས་བརྡ་དག སྨན་རྩིས། བསྡུས་གྲྭ ཤེར་ཕྱིན། འདུལ་བ། གསང་སྔགས་ཀྱི་ཕྱག་ལེན། ཟིན་རིས་ཕྱག་གཞེས། གཞུང་སོགས་རྩི་བཅུད་ཀྱི་སྙིང་པོ་རྣམས་གཙོ་བོར་མ་དཔེ་སོར་བཞག་དང་དངོས་མཐོང་ཡིག་ནོར་མཐོང་ཚེ་ཞུ་དག་དང་མིས་མ་ཁྲེལ་བ་མཁས་དབང་བཅས་ལ་བཅར་འདྲི་ཞུ་བ་སོགས་ཅི་ནུས་སུ་བྱས་ཡོད་། འོན་ཀྱང་གློག་ཀླད་ཀྱི་ལམ་ནས་མིག་བར་ཤོར་བ་སོགས་ནོར་འཁྲུལ་མང་དག་ཡོད་སྲིད་པས་མཁས་དབང་རྣམས་ལ་དགོངས་གསོལ་དང་། བཀའ་སློབ་ལམ་སྟོན་ཐད་ཀར་གནང་བར་ཞུ།

རྒྱལ་བའི་བསྟན་པ་མདོ་སྔགས་སེམས་ཀྱི་མཛོད།།

གང་དེའི་དགོངས་འབྲེལ་སྙན་རྒྱུད་ཐུགས་གཏེར་བཅས།།

འདིར་འཇུག་ཉེས་པའི་བདུད་ལས་རབ་རྒྱལ་ཏེ།།

ཐམས་ཅད་རྫོགས་སངས་རྒྱས་པའི་རྒྱུར་གྱུར་ཅིག།

སྐམ་ཚང་མཉམ་ཉིད་བྱམས་མས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བྲིས། ༢༠༡༩།༧།༡༦།


གཙོ་སྒྲིག་པ་སྐམ་ཚང་མཉམ་ཉིད་བྱམས་མ།

མངགས་ཉོ་འབྲེལ་བཏུགས་བྱེད་ཡུལ།

  ནག་ཆུ།14718967368   18289193888   ལྷ་ས། 18289193888

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།