«དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས»པར་སྐྲུན་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2019-07-25 22:23:32][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


«དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས»པར་སྐྲུན་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།

  བོད་ས་ཕག་ལོ་སྟེ2019ལོའི་སྤྱི་ཟླ7པའི་ཚེས22ཉིན་༧དཔལ་གཤེན་བསྟན་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ«དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས»དངོས་སུ་སྒོ་འབྱེད་མཛད་སྒོ་བསྡུས་པ་སྟེ། སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་སྟེང་སྔར་ནས་ཕེབས་བསུ་ཞུས་པ་བཞིན་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་དང་། དེ་བཞིན༧ཞུ་སྟོན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་དབུས་པའི་གྲྭ་ཚང་འདུས་པ་རྒྱ་མཚོས་དར་ཚོན་སྣ་ལྔས་དབུ་དྲངས་ཏེ་གླེགས་བམ་རིན་པོ་ཆེ་དགོན་པའི་གསས་ཁང་གི་མདུན་དུ་གདན་བསུ་ཞུས་ཏེ་རྒྱལ་ཁ་དང་གཟི་བརྗིད་ཆེན་པོས་ཡོངས་སུ་ཁྱབ་པར་བྱས།


  དེ་མ་ཐག་ཕྱོགས་སོ་སོའི་སྐུ་མགྲོན་དང་སྐྱ་སེར་ལྷན་རྒྱས་ཚོགས་ཞུགས་སུ་གནང་། དགེ་བཤེས་སྨོན་ལམ་ཚུལ་ཁྲིམས་མཆོག་གིས་འགོ་འཛིན་འོག་རྟེན་འབྲེལ་མཛད་སྒོ་དངོས་སུ་དབུ་ཚུགས། དཔེ་ཚོགས་གཙོ་སྒྲིག་པས་བྱ་བ་འདིའི་མགོ་མཇུག་བར་གསུམ་ཁ་ཚང་ངོ་སྤྲོད་གནང་ཞིང་༧ཞུ་སྟོན་རིན་པོ་ཆེ་མཆོག་གཙོས་པའི་བླ་མ་དང་དབུ་ཁྲིད་རྣམ་པས་རྟེན་འབྲེལ་ཤིས་བརྗོད་ཕུན་སུམ་ཚོགས་པའི་ངང་ནས་ཞལ་ཕྱེས་གནང་།


  དེ་བཞིན་ཕྱོགས་སོ་སོའི་ཆེད་ཕེབས་སྐུ་མགྲོན་རྣམས་དང་དགོན་པའི་ལས་འཛིན་ཡོངས་ཀྱིས་གསུང་འབུམ་དང་འབྲེལ་བའི་གཏམ་བཤད་དང་ཁྱད་ནོར་དཔེ་ཚོགས་འདི་ང་ཚོའི་མགོན་དུ་བྱོན་པར་བཀྲ་ཤིས་རྟེན་འབྲེལ་དགེ་བའི་ཉིན་དུ་ཤར་བའི་བསྔགས་བརྗོད་སོགས་མི་དམན་པ་གནང་། མཐར་བཀྲ་ཤིས་ཤིང་ཁ་དགེ་བའི་ངང་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུང་སྟེ་མཇུག་ལེགས་པར་གྲུབ་བོ།།


«དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས»ཞེས་པའི་དཔེ་ཚོགས་ངོ་སྤྲོད།

  གནམ་གྱིས་ས་བཀབ་པ་ལྟ་བུའི་གཡུང་དྲུང་གི་བོན་འདིའི་ལོ་རྒྱུས་རྒྱུན་རིང་ལ་ཕུགས་ཕུན་སུམ་ཚོགས་པ་ལྗོན་ཤིང་ཡལ་འདབ་གྱ་ནོམ་རྒྱས་པ་ལྟ་བུ་ཞིག་ཡིན་ལ། དེ་ལས་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་སོགས་ཀྱི་རིང་ལུགས་དྲི་མ་མེད་པ་རྣམས་གྱེས་ཤིང་འཕེལ་བ་ཡིན་ནོ།། དེ་དག་གི་རྒྱུད་འཛིན་སྐྱེས་བུ་མཆོག་གྱུར་རྣམས་ཀྱི་ལྗགས་རྩོམ་དག་ཉམས་རྒུད་དུ་སོང་ན་གཡུང་དྲུང་གི་བོན་འདི་ཡང་ཡལ་གའི་འདབ་ལོ་ཆ་མ་ཚང་བའི་སྡོང་རྒན་ཞིག་དང་མཚུངས་པའི་རྒྱུ་མཚན་མང་དག་ཅིག་གིས་སྲུང་སྐྱོབ་བྱེད་པའི་ལས་སུ་རེམ་དགོས་པར་སྣང་།

  དེའི་ཕྱིར་ན་ངེད་ཅག་གིས་ངལ་བ་དང་དུ་བླངས། བཟོད་བསྲན་བྲང་ལ་སྦྱར་ཏེ«དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས»ཞེས་པའི་པོད་གྲངས་བཅུ་བདུན་གྱི་བདག་ཉིད་ལས་གྲུབ་པ་འདི་པར་དུ་བསྐྲུན་པ་ཡིན། དཔེ་ཚོགས་འདི་ལ་ཁྱོན་བསྡོམས་པོད་གྲངས་བཅུ་བདུན་ཡོད་པ་དང་དེ་དག་ལས་གཙོ་བོ་དབང་ལྡན་ཞུ་ཚང་གི་སྐྱེས་ཆེན་རིམ་བྱོན་གྱིས་མཛད་པའི་བོན་གྱི་གཞུང་ལུགས་ལོ་རྒྱུས། ཁྱད་པར་དུ་དབང་ལྡན་ཞུ་ཚང་གི་གདུང་རབས་ལོ་རྒྱུས་དང་གཞུང་ལུགས་ཀྱི་དགོངས་དོན་འགྲེལ་བཤད། ཞུ་ཚང་གི་ཆོ་གའི་ཕྱག་ལེན་ལ་ཉེ་བར་མཁོ་བའི་ཡིག་ཆ་སོགས་བཞུགས། འདི་དག་གཡུང་དྲུང་གི་བོན་རིན་པོ་ཆེ་དང་ལྷག་པར་དུ་དབང་ལྡན་ཞུ་ཚང་གི་ལོ་རྒྱུས་དང་གནས་བབས་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་རང་བཞིན་ཅན་གྱི་དཔེ་ཚོགས་དེ་ཡིན་པར་འདོད། རྩ་ཆེའི་དཔེ་ཚོགས་འདིར་ཁྱོན་བསྡོམས་བརྩམས་ཆོས་གྲངས་ཚད(482)ལྷག་ཡོད་ཅིང་སྔ་རབས་དུས་ནས་ད་ལྟའི་བར་གྱི་མཁས་པ(140)ལྷག་གི་གསུང་རྩོམ་བཏུས་སྒྲིག་བྱས་ཡོད།

  ཁྱེད་ཀློག་པ་པོ་རྣམས་ལ་སྔར་མེད་སྟབས་བདེ་ཅན་དང་ངེས་པར་དུ་དཔྱད་གཞི་ལ་མཁོ་བའི་གསུང་རྩོམ་རྣམས་བཞུགས་ཡོད་པས་རྗེས་ཕྱོགས་ཀྱང་འདི་དང་འབྲེལ་བའི་མ་ཡིག་འཚོལ་བསྡུ་དང་འགྲེམ་སྤེལ་སོགས་ཞབས་ཞུ་སྒྲུབ་འཆར་ལགས་ན་དེའི་ལུགས་དགོངས་བཞེས་གནང་འཁྲོལ་མཛད་རོགས་ཞུ་བ་དང་། སླད་མའི་ཆར་ཡང་རང་རང་སོ་སོར་གང་བབ་ཀྱི་ལས་འགན་དང་དུ་བླངས་ཏེ། གཤེན་ཁྱུང་བྲུ་ཞུ་སྤ་རྨེའུ་སོགས་ཀྱི་མཚན་ལྡན་བླ་མ་རྣམས་ཀྱིས་ང་ཚོར་རྗེས་བཞག་གནང་བའི་གསུང་རྩོམ་རྣམས་ཕྱི་རབས་དཔྱོད་ལྡན་པ་རྣམས་ཀྱི་མིག་གི་དགའ་སྟོན་དུ་འབུལ་ཐུབ་ན། ནང་བསྟན་གྱི་ཕྱི་མོ་སངས་རྒྱས་གཡུང་དྲུང་བོན་གྱི་གཞུང་ལུགས་ཆེན་པོ་འདི་སྒོ་ཀུན་ནས་ཆ་ཚང་ལ་ནང་དོན་ཕུན་སུམ་འཚོགས་པ་རུ་ཡོང་བར་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད་ཅེས་འགྲེམ་བརྡའི་ངོ་སྤྲོད་ཙམ་དུ་གཙོ་སྒྲིག་པ་སྟོང་སྐོར་གཡུང་དྲུང་བསྟན་པའམ་སྟོང་སྲས་ལྷ་བུས་ཕུལ།

      འབྲེལ་བ་གནང་ཡུལ།

  13322563111 18389062667

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།