སྙན་དེབ་༼ཚོར་བའི་རླབས་༽འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2018-09-09 21:13:59][རྩོམ་པ་པོ། དྲང་སྲོང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྤུ་ལ་ནམ་མཁའ་རྒྱལ་མཚན་གྱི་སྙན་ངག་དེབ་༼ཚོར་བའི་རླབས་༽འགྲེམ་སྤེལ་བྱས་པ།

1536498909117734.jpg

གླེང་བརྗོད།

 མཁས་དབང་དྲང་སྲོང་རྣམ་རྒྱལ།

<<ཚོར་བའི་རླབས>>ལ་བསམ་ཚུལ་བརྗོད་པ།

     སྤྱིར་རྩོམ་རིག་ནི་སྒྱུ་རྩལ་གྱི་ཆ་ཤས་ཤིག་ཡིན་ལ། ལྷག་ཏུ་སྙན་དངགས་ནི་མིའི་སེམས་ཚོར་ཕྱིར་མཚོན་པར་བྱེད་པའི་ངག་གི་སྒྱུ་རྩལ་གལ་ཆེན་ཞིག་རེད། གདོད་མའི་ཞང་བོད་ཀྱི་རྩོམ་རིག་ལ་དབྱེ་ཞིབ་དང་རྣམ་གཞག་མང་པོ་ཞིག་བཤད་ཆོག་སྟེ། སྒྲུང་ལྡེའུ་བོན་གསུམ་གྱིས་མཚོན་དང་པོ་ངག་ཐོག་དང་དེ་ནས་ཡིག་ཐོག་ཏུ་ཡོད་པའི་རྩོམ་རིག་རྒྱ་ཆེ་གཏིང་ཟབ་དེ་དག་གིས་གནས་སྐབས་དེ་དང་དེར་མིའི་རིགས་ཀྱི་མངོན་འདོད་བསྐྲུན་ཡོད། དུས་རབས་བཅུ་གཅིག་པ་མན་ཆད་ནས་བོད་དུ་རྒྱ་གར་གྱི་དཔེ་ཆ་བོད་སྒྱུར་ཕོན་ཆེན་བྱས་པ་བརྒྱུད་བོད་ཀྱི་རྩོམ་རིག་མཁས་ཅན་རྣམས་ཀྱིས་རྒྱ་གར་གྱི་ཐ་སྙད་དེ་དག་རྣ་བའི་ཡུལ་དུ་སྙན་པོར་ཚོར་ཞིང་ཡིད་ཀྱིས་གདེང་འཇོག་ཚད་མཐོན་པོ་བྱས་པའི་རྐྱེན་གྱིས། ཡུལ་དེའི་ལྷ་སྒྲུང་གི་རྒྱབ་ལྗོངས་གཙོ་བོར་མཚོན་པའི་སྣོད་བཅུད་ཀྱི་ཐ་སྙད་དེ་དག་ཐོས་པ་ཙམ་གྱིས་སེམས་ལ་ཆེས་ཁྱད་འཕགས་ཀྱི་ཚོར་སྣང་བསྐྲུན་ཐུབ་ཀྱི་ཡོད་པས་དེའི་དབང་གིས་མིང་གི་མངོན་བརྗོད་སྣ་ཚོགས་རྩོམ་རིག་ཏུ་བཀོལ་ན་སྙན་ངག་གི་བྲོ་བ་ཚད་མཐོན་པོའི་གྲས་སུ་བརྩིས་ཡོད། གནའ་བོའི་དུས་སུ་བོད་དུ་ཆོས་གཞུང་གི་ཤིང་རྟའི་སྲོལ་འབྱེད་ལྟ་བུར་གྱུར་པའི་སྐྱེས་བུ་དམ་པ་རྣམས་ནི་ཧ་ཅང་གི་ཚད་མཐོ་བའི་རྩོམ་རིག་མཁས་ཅན་ཤ་སྟག་ཏུ་གྱུར། དུས་ཀྱི་འཕོ་འགྱུར་ནི་རྟ་ལས་བང་རྩལ་མགྱོགས་པས་དེང་གི་དུས་སུ་འཕྲུལ་རིག་ལག་རྩལ་གྱི་ཆ་རྐྱེན་སོགས་ལ་བརྟེན་ནས་ནོར་ལུག་གི་རྫི་བོ་ཡན་ཆད་རྩོམ་ཡིག་འབྲི་མཁན་དུ་གྱུར་པས་དེ་དག་ལ་དཔྱད་ཞིབ་བྱ་རྒྱུར་རིན་ཐང་ཆེ་ཙམ་མི་ལྡན། རྩོམ་རིག་གང་ཞིག་གིས་ཐུན་མོང་མ་ཡིན་པའི་གསལ་བཤད་ཐུབ་མེད་ཀྱང་། སྤྱི་ཚོགས་ཀྱི་བཟང་སྤྱོད་ཡར་སྐུལ་བྱེད་པའི་རྩོམ་རིག་གང་ཡིན་པ་རྣམས་ནི་གདེང་འཇོག་བྱ་འོས་པའི་རིགས་ཡིན་སྙམ། རྩོམ་རིག་གི་ཆུ་ཚད་ལ་དཔྱད་ཞིབ་བྱས་ན་བརྗོད་བྱ་རྗོད་བྱེད་གཉིས་ཀྱི་ཆ་ནས་དཔྱད་བསྡུར་བྱ་ཆོག་པ་ལྟར། ད་ལན་གཞོན་སྐྱེས་བཤད་སྒྲུབ་སློབ་གཉེར་བ་སྤུ་ལ་ནམ་མཁའ་རྒྱལ་མཚན་ལགས་ཀྱིས་བྲིས་པ་༼ཚོར་བའི་རླབས།༽ཞེས་པའི་དེབ་འདིར་རང་གིས་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་ནས་དེབ་ཆུང་འདིའི་ནང་གི་ཆ་ཤས་འགའ་ཞིག་ལ་མིག་བཤེར་ཙམ་བྱས་པ་བརྒྱུད། དེབ་འདིའི་རིན་ཐང་གི་ལྟ་ཚུལ་མཚོན་ཙམ་བརྗོད་ན། ཁོང་གིས་སྤྱི་ཚོགས་སམ་ཁོར་ཡུག་ལ་དཔྱད་ཞིབ་བྱེད་ཐུབ་པའི་རྣམ་དཔྱོད་བེད་སྤྱད་ནས་ང་ཚོའི་སྤྱི་ཚོགས་ཀྱི་རྗེས་ལུས་ལ་ཡོ་བསྲང་དང་ཡར་རྒྱས་ལ་སྐུལ་འདེད་བཏང་ཡོད་པའི་ཚིག་མང་པོ་ཞིག་མཐོང་བ་ནི་རྩོམ་རིག་གི་བརྗོད་བྱ་འདེམས་ཚུལ་ཕུལ་དུ་བྱུང་བས་དེབ་འདིའི་རིན་ཐང་མཐོར་འདེགས་བྱས། དཔེ་མཚོན་དུ། སྙན་རྩོམ་ཕལ་ཆེར་བསྟོད་ཚིག་ཕྱོགས་སུ་བསྡུས།།དཔྱད་རྩོམ་མང་པོ་བརྐུས་བཤུས་རྐྱང་པར་ངེས།། ལོ་རྒྱུས་ཧ་ལམ་རྫུན་གྱི་ཕུང་པོར་མཐོང་།། ཆོམ་རྐུན་ངོ་བསྟོད་དགའ་བའི་མི་དག་མཚར།། ཞེས་བྲིས། ད་ལྟ་རང་རེའི་ཁོར་ཡུག་ཏུ་སྙན་རྩོམ་དུ་འགྱུར་མིན་གང་ལྟར་ཡང་སྙན་རྩོམ་བྲིས་པར་བསམ་པའི་ཚིག་ལ་བརྟགས་ན་སྐར་མ་ལ་ཉི་མ་དང་། རྫིང་བུ་ལ་རྒྱ་མཚོར་སྒྲོ་བཏགས་པ་ལྟ་བུ་དོན་ཉམས་ཀྱིས་སྟོང་ཞིང་། དགོད་སྒྲ་ནམ་མཁར་མི་ཤོང་བའི་རྒྱུར་གྱུར་པ་མང་ལ། དཔྱད་རྩོམ་འབྲི་བར་བསམ་ནས་གཞན་རྩོམ་བཤུས་ཏེ་དེབ་ཆེན་བརྒྱ་ཐམ་པ་དཔེ་ཁང་དུ་བསྒྲིགས་ཀྱང་ཡ་མཚན་རྒྱུ་གང་ཡང་མེད། དེང་གི་དུས་སུ་ཚད་གཞི་ངེས་ཅན་ལྡན་པའི་སློབ་གྲྭ་ཆེ་འབྲིང་ཁག་ལ་མཚོན་ནའང་། ལུང་འདྲེན་གྱི་རྟགས་མེད་པར་རྩོམ་ཡིག་གཞན་ལ་ལད་མོ་བྱས་ནས་ཆ་ཤས་སམ། ཆ་ཚང་བཤུས་པ་དགེ་རྒན་གྱིས་མཐོང་ན་རྩོམ་ཡིག་དེ་སློབ་མ་དེའི་རང་རྩོམ་གྱི་གོ་མི་ཆོད་པ་མ་ཟད་སློབ་གྲྭར་མུ་མཐུད་སྡོད་མི་བཅུག་པར་ཁྲིམས་འགལ་ཚབས་ཆེན་གྱིས་སློབ་གྲྭ་ནས་ཕྱིར་འབུད་བྱ་དགོས་པ་རྨང་གཞིའི་སྒྲིག་ལམ་རེད། འདི་ཙམ་ཡང་མི་ཤེས་པའི་མི་བུ་ཆུང་ཞིག་གིས་ཤིང་རྟའི་སྲོལ་འབྱེད་ཀྱི་དཔེ་ཆ་གང་ཞིག་རང་རྩོམ་ཡིན་ཁུལ་གྱིས་བེད་སྤྱོད་བྱས་པ་ནི་ཆེས་བླུན་རྟགས་ཐ་ཤལ་བ་ཞིག་ལོས་ཡིན། ལོ་རྒྱུས་འབྲི་ན་དོན་དངོས་དེ་འབྲི་དགོས་པ་ལས་རང་གི་དགའ་ཕྱོགས་དང་སྡང་ཕྱོགས་ཀྱི་དབང་དུ་བྱས་ནས་བྲིས་པ་དེ་ལོ་རྒྱུས་ཀྱི་རྩོམ་རིག་མ་ཡིན་པ་མ་ཟད་ཚད་ལྡན་རྩོམ་རིག་གང་གིའང་གྲས་སུ་མི་གཏོགས། དེར་བརྟེན་དེབ་འདི་འབྲི་བ་པོས་གནས་ལུགས་དེ་ཤེས་ཏེ་ཁོང་གིས་མཐོང་བའི་རྩོམ་རིག་མང་པོ་ཞིག་འདི་འདྲར་གྱུར་པ་རྟོགས་པ་ནི་འགྲན་ཟླ་མེད་པའི་ལས་ཡིན་ཏེ། དེ་ལྟར་མཐོང་བ་ལ་རྩོམ་རིག་དཔྱད་སྡུར་གྱི་རྣམ་དཔྱོད་ཡོད་དགོས་པས་སོ། 

ཡང་ཁོང་གིས། འགའ་ཞིག་རྟོགས་སད་རློམས་ཡང་སད་མ་ཤེས།། ལ་ལས་དད་པར་བཤད་ནས་རྨོངས་པ་ཆེ།། གཉིས་བྲལ་དབུས་ལམ་སྙེགས་པའི་གང་ཟག་ནི།། གངས་རིའི་ལྗོངས་ན་ཕལ་ཆེར་ཉུང་ཚོད་རེད།། བྲིས། ཤིན་ཏུ་བདེན་ཏེ། འགའ་ཞིག་བློ་རྒྱ་ཧ་ཅང་ཆེ་བར་རློམ་ནས་མི་རིགས་ཀྱི་རྨང་གཞིའི་ལེགས་བྱང་ལ་རིན་ཐང་མེད་པར་བརྗོད་དེ་ཆེས་གདོད་མ་ནས་བརྒྱུད་པའི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་ཡལ་བར་འདོར་ཞིང་། སྐད་ཡིག་དང་ཐུན་མིན་གྱི་རྒྱུ་ཆ་ལ་སྣང་ཆུང་བྱེད་པ་ནི་ཤིན་ཏུ་མི་འོས་ཤིང་། མི་རིགས་རང་རང་ལ་གཞན་དང་མི་འདྲ་བའི་གོམས་སྲོལ་བཟང་པོ་རེ་ཡོད་པ་རྣམས་ནི་མི་རིགས་དེའི་སྲོག་རྩ་ལྟ་བུར་གྱུར་ཡོད་པས་སོ། ཡིན་ན་ཡང་ཆོས་ལུགས་ཀྱི་སྙིང་པོ་དེ་མིའི་དགོས་མཁོ་བསྒྲུབ་རྒྱུ་དེ་ཡིན་པ་ལས་མི་རྣམས་མུན་ནག་ནང་དུ་འཁྲིད་འགྲོ་རྒྱུ་དེ་མ་ཡིན་པས། དེང་སང་ལ་མཚོན་ན་སྤྱི་ཚོགས་སུ་ཞི་བདེ་འབྱུང་བའི་ཐབས་ལམ་དང་། མིའི་སེམས་རྒྱུད་ལ་སྙིང་རྗེ་དང་ཤེས་རབ་ཟུང་དུ་འབྲེལ་བའི་བསླབ་བྱ་བཟང་པོ་དང་ལྡན་པའི་ཆོས་ལུགས་ཀྱི་བྱ་བཟང་རྣམས་གོང་འཕེལ་དུ་གཏོང་དགོས་པ་ལས། ཆོས་ལུགས་ཀྱི་ཆ་ཤས་ཙམ་ལ་བསྙད་ནས་རྒྱུ་ནོར་བག་མེད་གཏོང་བ་དང་། གླེན་ལྐུགས་ཀྱི་དད་མོས་ཀྱིས་མཆོང་རྐྱང་བྱ་བ་ནི་མི་རིགས་ཀྱི་གྱོང་གུན་ཚབས་ཆེན་ཡིན་པས་དེ་ལྟར་མི་རུང་བ་དང་། ལྷག་ཏུ་བོད་ཀྱི་ཆོས་ལུགས་ནི་ཤེས་རབ་ཀྱི་སྒྲོན་མེ་ལྟ་བུ་ཡིན་པས། ལམ་སྟོན་མ་ནོར་བ་སྟོན་ཐུབ་པའི་དགེ་རྒན་ཞིག་ལ་བརྟེན་ནས་རང་སེམས་ཀྱི་མུན་པ་སེལ་ནས་དོན་དངོས་གནས་དེ་རྟོགས་ཤིང་རང་ལ་ཕན་པ་འབྱུང་བ་མ་གཏོགས། མི་ཞིག་ལ་དད་པ་བྱས་ཏེ་རྒྱུ་ནོར་ཕུལ་བ་ཙམ་གྱིས་རང་ལ་ཡོན་ཏན་ཐད་ཀར་འཐོབ་པ་ཞིག་མ་ཡིན་པ་མ་ཟད། ཆོས་ཀྱི་སྙིང་པོ་དེ་འཚོ་གནས་ལ་སྙིང་པོ་མེད་པ་བྱ་རྒྱུ་དེ་མིན་པར་སེམས་རྒྱུད་བཟང་པོ་བྱ་རྒྱུ་དེ་ཡིན་པས་ཆོས་ཀྱི་བྱེད་སྒོ་ནི་གཙོ་བོ་དེ་ལྟ་བུའི་ཆེད་དུ་འབད་བརྩོན་བྱས་ན་ཆོས་དད་བྱས་པར་ཕན་ཐོགས་ཡོད་པ་ཡིན།

1536498909642808.jpg

   ཡང་། གནས་ལུགས་ཤོད་དུས་རྣ་བ་སྦར་མོས་འགེབས།། འུད་ཤོབ་སྒྲོག་ཚེ་བཞིན་རས་འཛུམ་གྱིས་ཁེངས།། བདེན་པ་རྫུན་གྱིས་གསོད་སའི་སྤྱི་ཚོགས་སུ།། དྲང་བདེན་མི་ལ་གྱོང་གུད་ཟད་མཐའ་དབེན།།ཞེས་བློ་གཟུ་བོར་མི་གནས་པའི་རིགས་སམ། མ་རབས་ཀྱི་རིགས་ཀྱི་གནས་ལུགས་དྲང་བརྗོད་བྱས་པ་ཞིག་ཏུ་མཐོང་། འགྲོ་བ་མིའི་སྤྱི་ཚོགས་སུ་མིའི་བཟང་སྤྱོད་ཀྱི་རིན་ཐང་ལ་གོ་རིམ་བརྒྱ་ཆ་བསྐོར་ན་བང་རིམ་མི་འདྲ་བ་བརྒྱ་ཕྲག་ཡོད་པ་མ་ཟད། བོད་པའི་ཁོར་ཡུག་གཅིག་ལའང་དེ་བཞིན་ཡག་ཉེས་སྣ་ཚོགས་ཤིག་ཡོད་པ་མཐོང་ཆོས་མྱོང་འགྱུར་དུ་གྱུར། འདི་ལྟ་བུ་ནི་ཆོས་ཁས་ལེན་མཁན་གྱི་མི་རིགས་ཀྱིས་བསམ་ཞིབ་ལྷག་ཏུ་གཏོང་དགོས་པ་ཆགས་ཡོད་དེ། འཇིག་རྟེན་བཀོད་པ་པོར་ཡིད་ཆེས་བྱེད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་པ་གཉིས་སུ་འདུས་པའི་ཆོས་ལུགས་ཁག་རྣམས་ནི། མ་རབས་ཐ་ཤལ་གྱི་ཀུན་སྤྱོད་ངན་པ་འདི་དག་ལ་ཕན་པའི་ཆེད་དུ་སྐྱེས་བུ་དམ་པ་རྣམས་ཀྱིས་བསླབ་བྱ་བཟང་པོ་མང་པོ་གསུངས་པ་རྣམས་ཁས་བླང་ནས་ཞེན་གོག་བྱས་པ་ཙམ་མ་ཡིན་པར་དེ་དག་ལ་བསྒྲུབ་དགོས་པ་ཆགས་ཡོད། བསླབ་བྱ་བཟང་པོ་དེ་དག་ལ་བསམ་བློ་གཏོང་མཁན་གྱི་ཁོར་ཡུག་ཅིག་ཡིན་ན་གོང་གི་གནས་སྟངས་འདི་དག་ཡོང་ས་མེད་ཀྱང་། ཆོས་ལྡན་གྱི་ཞིང་ཁམས་ཟེར་ཡང་ཆོས་མེད་ཀྱི་ལུང་པ་ལས་དྲང་བདེན་མེད་པ་ཞིག་ཡིན་ན་ཕྱི་ཚུལ་རྣམ་པ་བསྟན་པ་ཙམ་ལས་དོན་དུ་ཆོས་ལུགས་ཀྱིས་མི་ལ་གཞི་རྩའི་ཕན་ཐོགས་མ་བྱུང་བ་གསལ་པོ་ཡིན། །

   ཡང་། བླ་མའི་ཐུགས་ལ་འབབ་མིན་འབུལ་བ་ཆེ་ཆུང་རེད་གདའ།། དཔོན་ཀྱི་ཁྲིམས་དང་མཐུན་མིན་ལྐོག་གི་བརྔན་པ་གཙོ་འདུག །དམངས་ཀྱི་སེམས་དང་ཉེ་རིང་ངོ་དགའ་སྤྲེལ་ལད་རག་ན།། ད་ནི་ཀུན་དང་མཐུན་མིན་འཁྱོག་དང་དྲང་ལ་མི་གཙོ། །ཞེས་བྲིས་འདུག 

   དགོས་པ་དང་ཕན་ཐོགས་ལ་མ་བསམ་ན་གནའ་བོའི་ལམ་དང་ལུགས་སྲོལ་ཙམ་ནི་གལ་ཆེན་ཞིག་མ་ཡིན་ཏེ། ཡུལ་ལུང་བྱེ་བྲག་པར་བུད་མེད་ཀྱིས་སློབ་སྦྱོང་བྱ་མི་ཆོག་པ་ལྟ་བུ་འཇིག་རྟེན་འདི་ན་ལུགས་སྲོལ་མི་འདྲ་བ་ལ་མཐའ་མེད་པ་ཡོད། སྤྱི་ཚོགས་ལ་མི་ཕན་པའི་རྨོངས་དད་ཀྱི་ལྟ་བའི་བྲག་རྫོང་གང་ཡིན་པ་ནི་དུས་རབས་གསར་པ་འདིར་གཏོར་དགོས་པའི་དུས་ལ་བབས་ཡོད། སྤྱི་ཚོགས་ལ་ཕན་མི་ཕན་བལྟ་མི་ཤེས་པ་མ་ཟད། མི་སྒེར་རང་ཉིད་ལའང་ཕན་མི་ཕན་མི་བལྟ་བར་མུ་མཐུད་རྒྱབ་སྐྱོར་བྱེད་དེ་འགྲོ་དགོས་པར་འདུག་ན་རང་ཉིད་མི་གཞན་གྱི་གཡོ་འོག་ཏུ་ཚུད་ཟིན་པའི་རྟགས་ཡིན་པས་གཟབ་དགོས་པ་བསྟན་ཡོད་པ་ལས། དོན་དུ་དྲང་བདེན་གྱིས་རྫུན་མ་ནམ་ཡང་འཇོམས་མི་སྲིད་པ་ནི། མུན་པས་ཉི་འོད་འགོག་མི་སྲིད་པ་ལྟ་བུ་ཡིན་པས་ཚུལ་འདི་དག་གི་བརྗོད་བྱ་ནི་ཆེས་གལ་ཆེའི་རང་བཞིན་ཅན་ཞིག་བདམས་འདུག་ཅེས་སྐད་གསོང་མཐོན་པོས་བརྗོད་ཐུབ། ཚིག་དེས་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ལ་རིན་ཐང་སྤྲོད་པའི་རྣམ་དཔྱོད་རྩལ་དུ་བཏོན་འདུག་པ་མ་ཟད་མི་ཕལ་པ་རྣམས་ཀྱིས་བློ་ལ་འཆར་མི་ཐུབ་པའི་དཀའ་གནད་ཅིག་ལ་བརྡ་ཙམ་བསྟན་པ་ཞིག་ཏུ་གོ །གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁོང་གིས་སློབ་གཉེར་གྱི་ཞོར་དུ་དུས་ཚོད་མང་པོ་ཞིག་བཏང་སྟེ་འཚོ་བ་དངོས་ལ་འགྲེལ་བརྗོད་ཡང་དག་བྱས་པའི་དེབ་ཆུང་འདིས་སྤྱི་ཚོགས་ཀྱི་བཟང་སྤྱོད་ཡར་སྤེལ་ལ་ཞབས་འདེགས་གང་ལེགས་འབྱུང་བའི་རྒྱུར་འགྱུར་བའི་ཡིད་ཆེས་ངང་ནས་དགེ་མིང་དྲང་སྲོང་རྣམ་རྒྱལ་གྱིས་སྨྲས་སོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།