བྱ་འཕུར་ལྷུན་གྲུབ་རྒྱ་མཚོའི་དཔེ་དེབ་གསར་བ་གཉིས།

[ཟླ་ཚེས། 2018-06-21 20:24:37][རྩོམ་པ་པོ། རྒྱལ་གཤེན་དཔེ་སྐྲུན་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་བྲིས་པའི་<<རྒྱལ་ཁམས་པའི་གླུ་སྐད་>>དང་<<Finding Peace Within Yourselfe>>ཞེས་པའི་དཔེ་དེབ་གཉིས་དཔར་བསྐྲུན་ལ་ཉེ་བའི་གནས་ཚུལ།

1529584249671166.png

   ཕྱི་ལོ་༢༠༡༨་ཕྱི་ཟླ་༩་ཚེས་༣་ནི་འུ་ཅག་བོན་འབངས་རྣམས་དྭ་ཕྲུག་ལྟ་བུའི་མུན་ནག་གི་སྣང་བས་ལོ་ནག་འདི་ཨུ་ཚུགས་ཀྱིས་མཇུག་རྫོགས་པའི་མཚན་མོ་དེ་ཡིན་ལ། ཕྱི་ཟླ་༩པའི་ཚེས་༦ནི་ཟླ་བ་གསར་པ་ཞིག་མཁའ་དབྱིངས་སུ་ཤར་བས་གཡུང་དྲུང་བོན་གྱི་བསྟན་པའི་འོད་སྣང་གནམ་སའི་ཁྱོན་དུ་འབར་བའི་རྟགས་དང་རྟེན་འབྲེལ་གྱི་ཉིན་མོ་རེད། 

1529584249537122.png

   དེས་ན་བཀའ་དྲིན་མཚུངས་ཟླ་བྲལ་བའི་སྐྱེས་མཆོག་༧སྐྱབས་རྗེ་ཞིང་གཤེགས་དམ་པ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་ལོ་གཅིག་འཁོར་བའི་རྗེས་དྲན་མཆོད་འབུལ་དང་། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཆེན་པོ་མཆོག་གི་བསྟན་འགྲོའི་མཛད་འཕྲིན་གསར་པ་བཀྲ་ཤིས་དགྱེས་སྟོན་གྱི་མཛད་སྒོས་དབུ་བསུ་བ་དང་འབྲེལ་ཨ་མེ་རི་ཁར་བརྟན་གཞི་བྱས་པ་༼རྒྱལ་གཤེན་ཞང་བོད་རིག་གཞུང་སློབ་གཉེར་ཁང་གི་༽འགན་འཛིན་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་ལགས་ཀྱིས་བྲིས་པའི་<<Finding Peace Within Yourselfe>>འམ་བདེ་སྐྱིད་རང་ལས་འཚོལ་བ་ཞེས་པའི་དབྱིན་དེབ་ལེའུ་དྲུག་ཅན་དེ་ཉིད་༧སྐྱབས་རྗེ་ཞིང་གཤེགས་དམ་པར་བཀའ་དྲིན་རྗེས་དྲན་མཚོན་པའི་མཆོད་སྤྲིན་དོད་དང་། ཞོར་དུ་<<རྒྱལ་ཁམས་པའི་གླུ་སྐད་>>ཅེས་པའི་སྙན་དེབ་སྡེ་ཚན་ལྔ་ཤོག་ངོས་༢༧༠ཡོད་པ་ཞིག་<<རྒྱལ་གཤེན་དཔེ་སྐྲུན་ཁང་>>གིས་དཔར་སྐྲུན་བྱེད་བཞིན་ཡོད། 

1529584249130158.png
<<རྒྱལ་ཁམས་པའི་གླུ་སྐད་>>ཀྱི་མཇུག་རྩོམ་དུ་མོལ་བའི་སྐད་ཆ།

  ཀློག་མཁན་ལགས། ངའི་མངར་སྐྱུར་ཁ་གསུམ་གྱི་ཚོར་བ་གླུ་རུ་དྲངས་བའི་དངས་གཙང་གི་མཆོད་པ་དང་། ཟང་ཟིང་གི་འཇིག་རྟེན། འཁྲུལ་སྣང་གི་རྨི་ལམ། ཡུལ་གྱལ་བའི་འཁུན་སྒྲ། དེ་བཞིན་ངུ་ངག་གི་དབྱངས་རྟ་གཉོམ་པོ་བཅས་སྡེ་ཚན་ལྔ་རུ་ཕྱེས་པའི་རིག་བྱེད་པའི་གླུ་སྐད་འདི་དག་ཁོ་བོས་གླིང་ཆེན་པོ་འདིའི་ས་ཁུག་ཁུག་དང་། རི་འབུར་འབུར། མཐའ་ན་གནམ་གྱི་བང་རིམ་དང་སྤྲིན་པའི་ཁུགས་པ་ཚུན་ཆད་ནས་གདངས་སུ་བཀུགས་པའི་དབྱངས་རྟ་རེ་རེ་སྟེ། ཀྱག་ཀྱོག་ཆེ་བའི་གཡས་གཡོན་གྱི་བཞུད་ལམ་བརྒྱུད་ཡོད་ཅིང་། ཆ་སྙོམ་མེད་པའི་མཐའ་དབུས་ཀྱི་འཇིག་རྟེན་བརྒལ་བའི་བློས་བསླངས་སམ་འཆར་སྣང་རེ་རེའི་གྲིབ་གཟུགས་སོ། །
       ཕྱོགས་གཅིག་ནས་རྩོམ་ཡིག་འདི་དག་དེབ་གཟུགས་སུ་དཔར་བསྐྲུན་བྱ་རྒྱུའི་རིན་ཐང་ཡོད་མེད་མ་ཤེས་ཀྱང་ཉེ་ཆར་ཁོ་བོས་ཟླ་བ་གཅིག་རིང་གདན་ས་སྨན་རིའི་གླིང་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་མཛད་པའི་གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་པའི་ལས་ཀ་གཉེར་སྐབས་རིང་ནས་འདྲིས་པའི་མཆེད་གྲོགས་མདོ་སྔགས་རབ་འབྱམས་པ་ཁག་ཅིག་གིས་རྩོམ་ཡིག་རྣམས་ཕྱོགས་གཅིག་ཏུ་བསྒྲིག་སྟེ་དེབ་གཟུགས་སུ་དཔར་སྐྲུན་བྱ་ཐུབ་ན་དགེ་མཚན་ཆེ་ཚུལ་ནན་གྱིས་བསྐུལ་བས་སྔར་བྲིས་རྩོམ་ཡིག་ཐན་ཐུན་ལག་སོན་བྱུང་བ་རྣམས་ཉིན་ཤས་ནང་ཕྱོགས་གཅིག་ཏུ་བཏུས་པ་དང་དེའི་སྟེང་དུ་རྩོམ་ཡིག་བཅུ་གྲངས་ཤིག་གསར་དུ་བྲིས་ཏེ་༼རྒྱལ་གཤེན་དཔེ་སྐྲུན་ཁང་༽གི་རྩོམ་ཡིག་བསྐྱར་ཞིབ་པ་སྐུ་ཞབས་རྔ་རང་རིག་ལགས་ལ་ཞུ་དག་དང་བསྐྱར་བཀློག་ཆེད་དུ་བསྐུར།
      འུར་གཅིག་བཤད་ན། ཤོ་ལོ་ཀ་གསུམ་བཞི་རེ་འབྲི་བར་སྐར་མ་ཁ་ཤས་ཀྱི་དུས་ཡུན་ལས་མི་འགོར་བས་རྩོམ་འབྲིའི་བྱ་བར་དཀའ་ངལ་གང་ཡང་མེད་མོད། གང་བྲིས་པ་རྣམས་རྩོམ་ཡིག་མཚན་ཉིད་དང་ལྡན་པ་ཞིག་ཡིན་མིན་རང་གིས་རང་ཉིད་ཀྱང་རེ་དོགས་ཀྱི་དྲ་བར་ཡང་ཡང་འཛུད། དེས་ན་ད་ལན་༼རྒྱལ་ཁམས་པའི་གླུ་སྐད་༽ཅེས་པའི་རྩོམ་ཡིག་འདི་དག་བོད་ཀྱི་རྩོམ་རིག་གི་ནམ་མཁའ་ཡངས་པོར་གཤོག་ཟུང་རླབས་ཀྱིས་གཅོད་པའི་བོད་ཀྱི་རྩོམ་པ་པོ་ཁག་གཅིག་སྟེ་བེ་རི་འཇིགས་མེད་དབང་རྒྱལ་དང་། ཀླུ་སྨྱོན་ཧེ་རུ་ཀ ཆུང་ཚེ་རིང་། ཁྲི་གཡུང་དྲུང་བཅས་སུ་གཟིགས་འབུལ་ཞུས་པར་མ་ཟད། ཁོང་རྣམས་པས་ཀྱང་རྩོམ་ཡིག་ཡོད་ཚད་ཚར་རེ་བཀླགས་རྗེས་ཕྲན་ལ་གདེངས་འཇོག་ཆེན་པོའི་སྒོ་ནས་བཀླགས་འཆར་རམ་མྱོང་ཚོར་དངོས་གང་བྱུང་བ་གནད་དུ་དྲིལ་ནས་ཡིག་ཐོག་ཏུ་གནང་བ་དེབ་འདིའི་རྒྱབ་ངོས་སུ་བཀོད་ཡོད་པས་ཁོང་རྣམས་པར་བཀའ་དྲིན་ཆེ་ཞུ།

1529584249415299.png

      གཞན་ཡང་ཁོ་བོར་མཚོན་ན་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཐད་ནུས་པ་ཡོད་རྒུ་འདོན་པའི་དམིགས་ཡུལ་ཞིག་ལོ་བཅུའི་གོང་དུ་སྙིང་གི་གཏིང་དང་རུས་པའི་གསང་དུ་འཛུལ་ཡོད་ན་ཡང་། འཕན་བྱེད་ལས་ཀྱི་ལྟེས་དབང་ཞིག་ལ་བརྟེན་ནས་ཁོ་བོས་བརྒལ་མྱོང་བའི་སློབ་སྦྱོང་གི་བགྲོད་པ་རིང་མོ་རང་གི་སྐད་དང་ཡིག་རིགས་མི་གཅིག་པའི་སྤྱི་ཚོགས་སྟེ་ཆེས་ཟང་ཟིང་ཆེ་བའི་ནུབ་ཕྱོགས་པའི་མཁའ་དབྱིངས་སུ་ཐིམ། འོན་ཀྱང་སེམས་ཀྱི་ཟབ་ས་བོད་རང་ཉིད་ཀྱི་གནའ་བོའི་ཤེས་རིག་ལ་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་ཐིམ་ཡོད་པས། ཉིན་རེའི་འཚོ་བའི་ཁྲོད་ཀྱི་དགའ་སྡུག་ཁྲོ་ཆགས་ཀྱི་ཚོར་སྣང་གང་ཞིག་བོད་རང་གི་ཡི་གེར་བློས་བསླངས་སུ་བསྐྲུན་པའི་རྩོམ་ཡིག་ཐན་ཐུན་རེ་འབྲི་བའི་དུས་ཚོད་བྱུང་སྐབས། ལུས་སེམས་གཉིས་ཀ་ལྷོད་ལ་འབབ་ཅིང་ཚོར་བའི་སྣང་བ་དབྱིངས་སུ་འདེག འདི་དག་ནི་ངས་བྲིས་པའི་རྩོམ་ཡིག་དེ་དག་གིས་ང་རང་ལའང་སྤྲོད་བཞིན་པའི་སེམས་ཀྱི་འགྱུར་ཁུགས་དང་འཚོ་བའི་ཁ་དོག་ཡིན། དེས་ན་ཁྱེད་ཀྱིས་ཀྱང་ངའི་རྩོམ་ཡིག་གི་བཞིན་རིས་ལ་མིག་ཟུར་རེ་གཡོས་པར་བཀའ་དྲིན་ཆེ། །

བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་ཕྱི་ལོ་༢༠༡༨ཟླ་༦ཚེས་༢༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།