གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

[ཟླ་ཚེས། 2017-10-23 16:56:12][རྩོམ་པ་པོ། རྩོམ་སྒྲིག་པ་མཁའ་འགྲོ་སྐྱིད།][རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།][ཀློག་གྲངས། ]

རྒྱལ་ཁབ་ཀྱི་གལ་ཆེའི་པར་སྐྲུན་ལས་གཞི《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

1508749939581144.jpg

   ཉེ་སྔོན། བོད་ཀྱི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ཞེས་པ་དེབ་ཕྲེང་བཅུའི་བདག་ཉིད་ཅན་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།  ཡིག་རྙིང་དཔེ་ཚོགས་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་དང་ལན་གྲུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ་གཉིས་ཀྱིས་གཙོ་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན། འདི་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གཉིས་པའི”གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་པར་སྐྲུན་འཆར་འགོད་ལས་གཞི་དང་།  གྲངས་ཉུང་མི་རིགས་ཡིག་རིགས་པར་སྐྲུན་ཆེད་སྤྱོད་རོགས་དངུལ་ལས་གཞི། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི2011ལོའི་གལ་ཆེའི་རྨང་གཞིའི་ཚན་ཞིབ་ལས་གཞི་བཅས་ཡིན་ནོ། །

1508749584974971.jpg

   《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ནི་བོད་དམངས་ཁྲོད་དུ་བོན་པོའི་ཁྱིམ་ཚང་ནས་མི་རབས་ནས་མི་རབས་བར་བརྒྱུད་ཉར་བྱས་པའི་གནའ་བོའི་ཡིག་ཆ་བྲིས་མ་ཁ་ཐོར་གནས་པ་དག་འཚོལ་སྡུད་བྱས་པ་ཞིག་ཡིན། ནང་དོན་ལ་གནའ་ཉམས་ལྡན་ཞིང་ཕལ་ཆེར་དུས་རབས་བཅུ་བ་ནས་བཅུ་གསུམ་བར་གྱི་ཡིག་ཆ་རེད།  ལག་བྲིས་མ་མང་པོ་ཞིག་རྒྱལ་ནང་དུ་དཔེ་རྒྱུན་ཆད་པ་ཤ་སྟག་ཡིན་ལ། ཐུབ་པའི་བསྟན་པ་དང་འཕགས་ཡུལ་རིག་གནས་ཀྱིས་བོད་ཡུལ་ལ་ཤུགས་རྐྱེན་མངོན་གསལ་མ་ཐེབས་པའི་གོང་གི་ཆབ་ནག་སྲིད་པ་རྒྱུད་བོན་ཀྱི་དུས་སྐབས་ཏེ་སྲིད་པའི་བོན་གྱི་ཡིག་ཆ་ཡིན།  ཡིག་ཆའི་ནང་དོན་ནི་ཐུབ་པའི་བསྟན་པ་བོད་དུ་མ་དར་བའི་གོང་གི་བོད་རང་སའི་རིག་གནས་སྲོལ་རྒྱུན་ཏེ། སྲིད་པའི་ཆགས་རབས་དང་། ལྷ་རབས་ཀྱི་མཆེད་ཚུལ། སེམས་ཅན་གྱི་བྱུང་རབས་བཅས་དང་།  གཞན་ཡང་གཏོ་མདོས་གླུད་འཕེན་དང་།  བླ་བསླུ་བླ་འབོད།  ཕྱྭ་འབོད་གཡང་འབོད།  བསང་སེལ་བརྒྱག་བརྔན་སོགས་སྲིད་པའི་བོན་གྱི་ཆོ་ག་ཕྱག་ལེན་སྣ་ཚོགས་ཡིན་ལ།  བོད་གནའ་རབས་ཀྱི་ལོ་རྒྱུས་རིག་གནས་དང་།  སྤྱི་ཚོགས་འཚོ་བ།  གོམས་སྲོལ་རིག་གནས།  གཏན་ཚིགས་ཤེར་རྟོགས།  གཟའ་སྐར་ས་རྒྱུས།  འབྱུང་བཅོས་སྨན་དཔྱད།  སྐད་དང་ཡི་གེ་སོགས་ཀྱི་རིག་སྒོ་མང་པོར་འབྲེལ་འདུག་ཅིང་།  བོད་ཀྱི་མེས་པོ་ཚོས་ཉི་ཟླ་གཟའ་སྐར་གྱི་རྒྱུ་བར་ངོས་འཛིན་དང་། ལེགས་ཉེས་ཀྱི་དོན་བྱ་ལ་སྔོན་དཔག མིའི་སྐྱེ་འཆིའི་ཆོས་ཉིད་ལ་བསམ་གཞིགས། བསམ་བློའི་གོ་རིམ་ལ་སྤྱི་སྡོམ་བྱས་པ་སོགས་བོད་གནའ་རབས་ཀྱི་བསམ་བློ་དང་ཤེས་རིག་གི་འཕེལ་རིམ་མངོན་པར་མཚོན་ཡོད་པས།  བོད་མིའི་ཤེས་རིག་གི་ལོ་རྒྱུས་དང་།  བསམ་བློའི་ལོ་རྒྱུས།  ཚན་རྩལ་ལོ་རྒྱུས།   གསོ་རིག་གི་ལོ་རྒྱུས།  ཆོས་ལུགས་ལོ་རྒྱུས་བཅས་ཀྱི་འབྱུང་ཁུངས་ལ་འཚོལ་ཞིབ་དང་ཤེས་རྟོགས་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ།  དེ་དང་མཉམ་དུ་ཏུན་ཧོང་ཡིག་ཆའི་གལ་ཆེའི་ཁ་གསབ་ཏུའང་གྱུར་ཡོད་དོ། །

1508749843416332.jpg

   མིག་སྔར་རྒྱལ་ཁབ་ཕྱི་ནང་ན་པར་སྐྲུན་བྱས་པའི་བོད་ཀྱི་གནའ་དཔེ་ལག་བྲིས་ཡིག་ཆ་ཕལ་ཆེ་བ་ནི་མ་ཕྱི་ཇི་བཞིན་པར་བརྒྱབ་ནས་པར་སྐྲུན་བྱས་པ་ཙམ་ཡིན་ལ། 《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ནི་པར་སློག་བརྒྱབ་ནས་ཡིག་ཆའི་ཕྱི་མོའི་རྣམ་པ་སོར་འཇོག་བྱས་པ་མ་ཟད།   དབུ་མེད་བྲིས་མ་དེ་དག་དབུ་ཅན་དུ་ཕབ་ནས་ཐིག་ཕྲེང་རེ་རེ་བཞིན་འཕལ་ག་འཕྲོད་པར་བཀོད་ནས་ཀློག་མཁན་གྱིས་ཕྱི་མོའི་ཡིག་ཆ་དང་ཐོད་གཏུག་བདེ་བར་བཟོས་ཡོད་པ་དང་།  ཡིག་ཆའི་ཁྲོད་བྱུང་བའི་སྐོང་ཡིག་དག་གཅིག་ཀྱང་མ་ལུས་པར་བཀྲལ་བ་དང་། སྲིད་པའི་བོན་གྱི་བརྡ་ཆད་ཁྱད་པར་ཅན་དང་།  གྲངས་ཀས་མཚོན་པའི་ཡི་གེ  ཁྱད་པར་ཅན་གྱི་བརྡ་རྟགས་སོགས་དཀའ་གནད་ཡོད་རིགས་ལ་མཆན་བུ་བཏབ་ནས་གོ་བདེ་བར་བཏང་བ།  ཡིག་ཆ་ཧྲིལ་བོར་ཚན་རིག་དང་མཐུན་པར་རིགས་དབྱེ་མཛད་ནས་རྐྱ་མི་འཁྲུགས་པར་བཅོས་ཡོད་ལ། ལྷག་པར་དུ་ཆེད་མཁས་པས་རྒྱ་བོད་དབྱིན་གསུམ་གྱི་ཡི་གེའི་ལམ་ནས་གླེང་སློང་གི་ཚུལ་དུ་ཡིག་ཆ་ཧྲིལ་བོར་ཕྱོགས་སྡོམ་རང་བཞིན་གྱི་དབྱེ་ཞིབ་དང་དཔྱད་པ་སྤེལ་ཏེ།  རྗེས་ཕྱོགས་ཡིག་ཆ་འདིའི་རིན་ཐང་སྔོན་འདོན་གང་ལེགས་བྱེད་པར་མཐུན་རྐྱེན་བཟང་བོ་སྦྱར་ཡོད་པ་སོགས་ཀྱིས།  ལས་གཞི་འདིའི་བྱ་བའི་དཀའ་ཚེགས་དང་པར་སྐྲུན་རྒྱུ་སྤུས་གང་གི་ཆ་ནས་བལྟས་ཀྱང་ཡིག་རྙིང་དག་སྒྲིག་པར་སྐྲུན་དང་ཞིབ་འཇུག་གི་ཆུ་ཚད་མཐོན་པོར་བསླེབས་པ་མཐོང་ཐུབ།

1508749598115282.jpg

   《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》དག་སྒྲིག་པར་སྐྲུན་དང་ཞིབ་འཇུག་བྱས་པ་ནི།  གོམ་གང་མདུན་སྤོས་སྒོས་ཏང་དང་རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བཟང་བོ་རྒྱུན་འཛིན་དར་སྤེལ་ལས་གཞིའི་དགོངས་འཆར་དོན་ཐོག་ཏུ་འཁྱོལ་བར་བྱས་པའི་གྲུབ་འབྲས་མངོན་པར་མཐོ་བ་ཞིག་ཡིན་ལ།  མི་རིགས་ཀྱི་རིག་གནས་བཟང་བོ་རྒྱུན་འཛིན་དང་།  མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། གནའ་རབས་བོད་ཀྱི་ཡིག་ཆ་སྡུད་ཉར་དང་དག་སྒྲིག  སྲུང་སྐྱོབ་དང་ཞིབ་འཇུག་བཅས་བྱེད་པར་གལ་ཆེའི་དོན་སྙིང་ལྡན་པ་ཡིན།  དཔེ་ཚོགས་པར་སྐྲུན་གྱི་ལས་གཞི་འདིའི་ཞིབ་ཚགས་ཀྱི་ཆ་དང་།  སྤུས་ཀའི་ཆ།  འཐུས་ཚང་གི་ཆ།  རིག་གཞུང་རིན་ཐང་གི་ཆ།  རིག་གནས་གསོག་འཇོག་གི་ཆ་སོགས་གང་ནས་བལྟས་ཀྱང་ཁྱབ་ཁོངས་འདིའི་རིགས་ཁྲོད་ཀྱི་ཡང་རྩེའི་གྲས་སུ་སོན་འདུག་གོ །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།