བོན་གྱི་སྒྲ་བླ་ཝེར་ཝེར་རྫ་སྐྱའི་འཁོར་ཚོགས་གནས་བསྟོད་ལྷ་མི་དགྱེས་པའི་མཆོད་སྤྲིན།

[ཟླ་ཚེས། 2026-03-26 13:48:41][རྩོམ་པ་པོ། ཨ་རུ་༧ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


བོན་གྱི་སྒྲ་བླ་ཝེར་ཝེར་རྫ་སྐྱའི་འཁོར་ཚོགས་གནས་བསྟོད་ལྷ་མི་དགྱེས་པའི་མཆོད་སྤྲིན།

  བདུད་བཞིའི་དགྲ་བཅོམ་སྟོན་པ་རྫོགས་སངས་རྒྱས། ། འཆི་མེད་ཡུམ་སྲས་གསང་འདུས་ཞང་བོད་གཤེན། །ཁྱད་པར་རྒྱལ་ཀུན་འདུས་སྤྱི་མཉམ་མེད་རྗེའི། །རྗེས་འཇུག་མཁན་སློབ་ཚོགས་ལ་གུས་པས་འདུད། །

  གངས་རིའི་ཞིང་མཆོག་ཞང་ཞུང་སྒོ་པའི་ཆར། །རྨད་བྱུང་ངོ་མཚར་དཔལ་གྱིས་མཛེས་པའི་ལྗོངས། །བོན་གཞུང་གཡང་སྡེ་ཕྱུག་མོའི་དགའ་ཚལ་ཞེས། །དགེ་མཚན་བྱེ་བས་གཏམ་པའི་ཡུལ་འདི་ལ། །

  ཟོལ་གྱིས་བསྟོད་པའི་ཚིག་ལ་ལྟོས་མིན་པར། །རྟེན་འབྲེལ་སྨོན་ལམ་ལྷུན་གྱིས་གྲུབ་པའི་རྟགས། །མངོན་སུམ་མིག་གི་དགའ་སྟོན་བཞག་པ་འདི། །བསོད་ནམས་བརྒྱ་ཡིས་བསྐྲུན་པའི་གོ་སྐལ་ལེན། །

  གཤེན་རབ་བླ་མས་བཀའ་གཙིགས་བསྒོས་པའི་དོན། །དབལ་བོན་གཤེན་པོས་བདེན་ཚིག་གྲུབ་པའི་མཐུ། །རིག་འཛིན་དཔའ་བོས་བཀའ་དམ་གནང་བའི་ལུང་། །ཞང་ཞུང་རྒྱལ་གྱིས་སྨོན་ལམ་བཏབ་པའི་གནད། །

  ཤེས་རབ་དགོངས་རྒྱལ་ཞལ་གྱི་སྨོན་ལམ་དང་། །ཀུན་མཁྱེན་ཉི་མའི་གཟིགས་སྣང་ལྗགས་ལུང་ལས། །རྒྱལ་ཚབ་བླ་མའི་དགོངས་པས་བསྟན་དོན་དག །ཡོངས་སུ་མཚུངས་པའི་བསྟོད་ཚིག་འདི་ནས་འབུལ། །

  གཡུང་དྲུང་བསྟན་པའི་ས་བོན་སྨིན་པའི་ཚལ། །དགེ་བའི་དབུ་འཕང་སྐྱ་རེངས་ཤར་བའི་ཁམས། །དཀར་ཕྱོགས་ངོ་སོའི་གདུགས་དཀར་མངོན་མཐོ་བ། །སྨོན་ལམ་རྟེན་འབྲེལ་བདེན་ཚིག་གྲུབ་པའི་སར། །

  གཞུང་དུ་ཉལ་བའི་གཡུ་འབྲུག་སྔོན་མོ་དང་། །སྟག་སེང་ཁྱུང་གཡག་རྩལ་གྱིས་བསྐོར་བའི་དབུས། །བོན་གྱི་ཐ་སྙད་གཡུང་དྲུང་རྒྱས་གདབ་པའི། །དོན་ལྡན་མཚན་སྙན་སྒྲ་ཡིས་གྲགས་པ་འབར། །

  ལྷ་མི་གཤེན་གསུམ་དབུ་འཕང་དགྱེས་ས་ལ། །ཐུགས་ཀར་ལྷ་རབས་གཉན་པོས་སྲུང་བའི་སྡེ། །བསྟན་སྲིད་མངའ་ཐང་རྒྱས་པའི་གླིང་ཆེན་པོ། །ཆེ་དགུའི་ཚོགས་ཀྱིས་དགའ་བས་འདུད་པའི་ཡུལ། །

  དལ་འབབ་རྒྱལ་མོ་རྔུལ་ཆུའི་འགོ་ཁུངས་དང་། །དྭངས་བསིལ་ཡན་ལག་བརྒྱད་ལྡན་འབབ་པའི་གཞུང་། །མི་ཟད་ཕུན་ཚོགས་ལྷ་མིའི་དཔལ་ཡོན་བཅུད། །མ་ལུས་ཡུལ་འདིར་འཛོམས་པས་ཀུན་ནས་མཚུངས། །

  འདི་ན་ཡུལ་སྐྱོང་སྒྲ་བླའི་གནས་འཆའ་བའི། །ས་འཛིན་ཕྲེང་བ་སྤྲིན་དཀར་ཤམ་བུ་ཅན། །དཀར་ཕྱོགས་དགེ་བའི་རྒྱལ་མཚན་མཐོ་པོ་ཡི། །ནོར་བུའི་རྩེ་ཏོག་ཡུལ་གྱི་དབུས་སུ་བརྗིད། །

  སྲིད་པའི་སྤྱི་རྗེ་འབྲུག་ཁྱུང་སེང་གསུམ་དག །རྩལ་གསུམ་ཡོངས་སུ་རྫོགས་པའི་འགྱིངས་ཉམས་ཀྱིས། །མེད་ཁམས་རྒོལ་ངན་འཇོམས་པའི་མཚོན་དཔེ་རུ། །ས་གཞིའི་དཔྱད་ཀྱིས་ངོ་མཚར་སྤོབས་པ་བྱིན། །

  བསྟན་པའི་ཁ་འཛིན་སྒྲ་བླའི་རྒྱལ་པོ་སྟེ། །དོམ་མགོ་གླང་སྙིང་ཝེར་མས་སྤྲུལ་པའི་སྲས། །ཝེར་ཝེལ་རྫ་རྐྱ་དགྲ་འདུལ་རྒྱལ་མཚན་ཞེས། །དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་མཐུ་བོ་ཆེ། །

  བརྗིད་ལྡན་དབལ་གྱི་རྫ་རི་སྨུག་པོ་ལ། །མི་འགྱུར་གཡུང་དྲུང་དཀར་པོའི་ཅོད་པན་དང་། །དྲི་བཟང་སྨན་རིགས་སྣ་བརྒྱའི་ན་བཟའ་ལ། །རང་བྱུང་རིན་ཆེན་གཏེར་གྱི་ཕྲ་རྒྱན་བཀྲ། །

  ཤར་ཕྱོགས་ཞི་བའི་ལས་སུ་གཡུང་དྲུང་རིས། །བྱང་ཕྱོགས་རྒྱས་པའི་ལས་སུ་འཁོར་ལོ་འཁྱིལ། །ནུབ་ཕྱོགས་དབང་གི་ལས་སུ་པད་མ་བཀོད། །ལྷོ་ཕྱོགས་དྲག་པོའི་ལས་སུ་མེ་རི་འབར། །

  ཤར་གྱི་གཡུང་དྲུང་མི་འགྱུར་བཀའ་ཡི་རྟགས། །བྱང་བྲག་འཁོར་ལོ་མཐར་ཕྱིན་གྲུབ་པའི་དོན། །ནུབ་ཀྱི་རྫ་སྤང་པད་མོ་རྨད་བྱུང་མཚོན། །ལྷོ་ཡི་བྲག་རྫོང་དགྲ་བགེགས་འདུལ་བའི་བརྡ། །

  ཤར་དུ་གཡུང་དྲུང་ཡིག་འབྲུ་འོད་ཟེར་འཕྲོ། །བྱང་གི་བྲག་ལ་དབང་སྒྱུར་འཁོར་ལོ་རྒྱས། །ནུབ་ཀྱི་རྫ་སྤང་སྨན་གྱི་དྲི་ངད་ཁྱབ། །ལྷོ་རུ་སྒྲ་བླའི་གོ་མཚོན་རང་བྱུང་གྲུབ། །

  མདུན་དུ་ཡོད་ཁམས་ཁ་འཛིན་ལྷ་ཚོགས་རྟེན། །སྒྲ་བླའི་དཔའ་མཁར་ངོ་མཚར་སྤམ་བརྗིད་མཐོ། །རྒྱབ་ཏུ་དྲ་བ་དམར་ནག་ལྷ་ཡི་ཚོགས་ཀྱི། །བཞུགས་གནས་རི་བོ་དམར་ནག་དབལ་དུ་འབར། །

  ཤར་ན་རིན་ཆེན་སྣ་ཚོགས་གཏེར་སྒོའི་བརྒྱ། །མི་ཟད་དངོས་གྲུབ་གསང་བའི་མཛོད་ཆེན་ཡོད། །ནུབ་ཏུ་ཏིང་འཛིན་བྱིན་རླབས་རང་འབར་ལ། །གསལ་བ་ཉི་ཟླའི་རྒྱས་ཀྱིས་བཏབ་པ་ཡོད། །

  ཕྱི་ལྟར་སྣོད་བཅུད་བཀོད་པ་དག་པའི་ཞིང་། །ནང་ལྟར་རྩ་གསུམ་ལྷ་ཚོགས་འདུས་པའི་གནས། །གསང་བ་སྒྲ་བླའི་ཝེར་མའི་དཀྱིལ་འཁོར་ཆེ། །ཡོད་ཁམས་དཀར་ཕྱོགས་སྲིད་པ་སྐྱོང་བའི་གནས། །

  སྤྲིན་དཀར་མཛེས་པའི་དབུ་རྨོག་མཐོན་པོའི་རྩེར། །གསལ་བྱེད་ཉི་ཟླའི་ཏོག་གི་འོད་ཕྲེང་འཕྲོས། །རི་མགུལ་འཁྱུད་པའི་སྨུག་ལོང་ན་བུན་དབུས། །ལྷ་བྱའི་སྐད་གདངས་སྙན་འཇེབས་དལ་གྱིས་ལྡིར། །

  རྫ་སྤང་གཡའ་བྲག་འདྲེས་པའི་ཚལ་གསེབ་ནས། །དྭངས་བསིལ་རྫ་ཆབ་འབབ་པའི་ལྷུང་སྒྲ་དང་། །འཚེ་མེད་བག་ཕེབས་རྒྱུ་བའི་རི་དྭགས་ཀྱིས། །སྣ་ཚོགས་བརྩེ་རྒྱུག་གར་རྩེད་རོལ་ལ་བྲེལ། །

  རང་བྱུང་བྲག་འཕྲང་ངོ་མཚར་འབབ་ཆུ་ལ། །མཛེས་སྡུག་རྨ་བྱའི་སྒྲོ་ཐིག་མདོག་ལྡན་དང་། །རྣམ་མང་མཚོ་དང་མཚེའུ་འཁྱིལ་བ་རུ། །ཉ་སྲམ་ལ་སོགས་ཆུ་གནས་འཁྱུག་འགྲོས་མཛེས། །

  གསེར་གཞོང་མར་ཁུས་བསྐང་འདྲའི་ན་ཁ་དང་། །འོ་མའི་དཀར་ཆབ་འབབ་པའི་ཆུ་ཕྲན་འགྲམ། །རྟ་ནོར་ལུག་གསུམ་གཡང་གི་སྒོ་ཕྱུགས་ཁྱུས། །དགུང་གི་སྐར་ཚོགས་ཐང་ལ་གདལ་བཞིན་མཛེས། །

  ཤར་ཕྱོགས་ཞི་བའི་རྒྱུ་ལམ་ཡངས་ཤིང་རིང་། །བྱང་རིས་གནོད་བྱེད་དགྲ་སྒོ་བསྣོལ་མར་བསྡམས། །ནུབ་ཏུ་དབང་གི་དར་ཡོལ་ཀུན་ནས་ཟླུམ། །ལྷོ་ཕྱོགས་འདོད་འབྱུང་རི་ཆེན་གཏེར་དུ་སྤུངས། །

  གཡོན་མདུན་བྲག་དཀར་གཡུ་འབྲུག་འཁྱུག་འདྲའི་གོང་། །སྔོན་བྱོན་རིག་འཛིན་དཔའ་བོའི་ཕེབས་ཤུལ་དང་། །བྱིན་རླབས་གཏེར་གྱི་ཚན་ཁ་འབར་བའི་གནས། །དབལ་བོན་རུ་ལག་ཤེལ་རིའི་གནས་དགོན་མཆོག །

  དེའི་རྒྱབ་ལས་བཞི་ལྷུན་གྱིས་གྲུབ་པའི་ཁར། །སྤྱི་སྤུངས་གསས་མཁར་མཆོག་ལྔའི་གསས་ཁང་དང་། །ངོ་མཚར་བཀོད་ལེགས་ལྷ་མའི་མཆོད་སྡོང་ཆེ། །ཁྱད་འཕགས་རྟེན་མཆོག་བྱིན་རླབས་འོད་དུ་འབར། །

  གཡས་མདུན་གངས་སེང་གནམ་ལ་མཆོང་འདྲ་བ། །གནས་གསུམ་མཁའ་འགྲོ་རྒྱ་མཚོའི་འདུས་པའི་ས། །བྱིན་རླབས་གཏེར་གྱི་ཚན་ཁ་འབར་བའི་གནས། །སྨན་བྲག་གཡུ་མཚོའི་རང་བྱུང་བཀོད་པ་མཛེས། །

  ཡི་དམ་ལྷ་ཚོགས་བྱིན་རླབས་སྤྲིན་ཆེན་འཁྲིགས། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་འདུ་བ་རྒྱས། །གནས་གསུམ་བོན་སྐྱོང་སྲུང་བའི་ར་བ་བརྟན། །ས་གསུམ་ཕན་བདེའི་རྩ་ལག་འདུས་སྡེ་རྒྱས། །

  བཀའ་སྡོད་ཕྱི་ནང་གསང་བའི་ལྷ་ཚོགས་ལ། །རྩེ་བླ་ཤམ་པོ་སྤུན་གསུམ་སྟག་ལྟར་ངར། །མ་སངས་ཕུག་གུ་སྤུན་གསུམ་ཁྱུང་ལྟར་ལྡིང་། །གནོད་སྦྱིན་སྨུག་པོ་སྤུན་གསུམ་འབྲང་ལྟར་འཚོ། །

  དཀྱིལ་རི་ཕྱུག་མོ་གཡང་གི་མར་ཁུ་འཁྱིལ། །གཡང་འབུར་དགོས་འདོད་རིན་ཆེན་ནོར་བུ་སྤུངས། །དམག་དཔོན་ཁྲ་བྱུག་གཡུ་འཕྲུ་རྩེ་མོ་རྒྱལ། །ཨོག་བརྗིད་རི་དམར་མགྱོགས་འགྲོའི་བང་ཁ་སྲུང་། །

  བྱང་གི་སྙིང་རི་རྫ་བཟང་རག་པ་བརྗིད། །ལྷོ་ཡི་གཙུག་རི་རི་བོ་མཆོག་རབ་མཛེས། །ལྷ་སྲིན་གཉན་དམག་བྲག་དཀར་ཚར་དུ་དངར། །ཉ་འདྲ་བཅུ་གསུམ་གཡང་གི་འདབ་གཤོག་རྒྱས། །

  ནུབ་ཕྱོགས་གདང་རྒྱལ་ཁྱུང་གི་རུ་ཐུར་བརྗིད། །ཤར་ཕྱོགས་བྲག་རྡོ་སྟག་མོ་ནགས་ལ་ངར། །བྱང་ཕྱོགས་རྫ་རྒན་རུས་སྦལ་ཚང་ལ་ཉལ། །ལྷོ་ཕྱོགས་གཡུ་འབྲུག་སྔོན་མོ་ཆབ་ལ་རོལ། །

  སྟོད་ཕྱོགས་ཟེ་དཀར་གངས་རིའི་རྔམ་བརྗིད་མཐོ། །བར་ནས་འབྱམས་ཆེན་དབང་བཞི་རི་ལུང་མཛེས། །སྨད་ཕྱོགས་མེ་ཆུའི་སྔོ་མོའི་རླབས་ཕྲེང་འཕྱོ། །རང་བྱུང་རི་ཆུའི་ས་དཔྱད་ཕུན་སུམ་ཚོགས། །

  ཡུལ་འདིར་དགེ་བཅུ་དར་བ་གཤེན་གྱི་བཀའ། །དཔལ་ཡོན་བདེ་སྐྱིད་འཚོ་བ་ལྷ་ཡིས་མཐུས། །གཡུང་དྲུང་བོན་མཆོག་སྤྱོད་པ་སྲིད་པའི་ལུགས། །དོན་གཉིས་ལྷུན་གྲུབ་འབྱུང་བ་བདེན་པའི་བྱིན། །

  ལྷ་མའི་དམ་ཚིག་མཐུན་པས་ཕྱི་སྣོད་དགེ།ལས་འབྲས་གཙུག་ཏུ་བཀུར་བས་ནང་བཅུད་བདེ། །དཀོན་མཆོག་དབུ་འཕང་མཐོ་བས་ཡུལ་ལུང་དགེ།གཞི་བདག་མནའ་ཚིག་བརྟན་པས་ས་བཅུད་བཟང་། །

  འབྱུང་བ་ཆ་མཉ་ཆར་ཆུ་དུས་སུ་འབེབས། །ནང་བཅུད་ལས་བཟང་མི་ཚེ་ཕྱྭ་གཡང་རྒྱས། །དུས་འཁྲུག་ནད་མུག་སད་སེར་མི་འབྱུང་བར། །བཀྲ་ཤིས་བདེ་ལེགས་རྟག་ཏུ་བརྟན་པར་ཤོག །

  ཅེས་བོན་གྱི་སྒྲ་བླ་ཝེར་ཝེར་རྫ་སྐྱའི་འཁོར་ཚོགས་ཀྱི་གནས་བསྟོད་ཝེར་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ཨ་རུ་༧ཤེས་རབ་རྩལ་ལམ་བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་སྤྱི་ལོ་ཉིས་སྟོང་ཉེར་ལྔ་སྟེ་བོད་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་དཀར་ཕྱོགས་བཟང་པོར་བྲིས་པ་དོན་དེ་བཞིན་དུ་གྲུབ་པར་གྱུར་ཅིག །དགེའོ། །


བོན་གཞུང་རྒྱབ་རི་ཡུལ་ལྷ་ཤམ་པོ་མཆེད་གསུམ་གྱི་ཁྱད་བོན་རྣམ་བཤད་རིན་ཆེན་གཏེར།

  སྟོན་མཆོག་གཤེན་རབ་རྒྱ་བའི་མགོན་པོ་ཡི། །གསུང་གི་གཉེར་དཔོན་བླ་ཆེན་དྲན་པ་སོགས། །རིག་འཛིན་དཔོན་གསས་གྲུབ་པའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་འདུད་དོ་དགེ་ལེགས་སྩོལ། །

  སྐྱེས་ཆེན་དམ་པ་གོང་མའི་ལྗགས་ལུང་དང་། །ཡུལ་མི་དད་པ་ཅན་གྱི་ངག་རྒྱུན་སོགས། །གཅིག་བསྡུས་ཁྱད་བོན་རྣམ་བཤད་རིན་ཆེན་གཏེར། །རིགས་མཐུན་དགའ་བ་དགྱེས་པའི་གྲོགས་འབུལ། །

  ཡུལ་འདི་དམུ་རྒྱལ་གཤེན་གྱི་གདུལ་བྱའི་ཡུལ། །རི་འདི་གཤེན་གྱི་བཀའ་དམ་གནས་པའི་རི། །ལྷ་མའི་དམ་ཚིག་གཡུང་དྲུང་ལུ་གུ་རྒྱུད། །ལན་གཅིག་བཤད་པ་རྟག་ཏུ་མ་བརྗེད་མཛོད། །

  བོན་གཞུང་གཡུ་འབྲུག་འཁྱུག་པའི་ཟེ་སྒང་དུ། ། རྫ་རི་སྨུག་སྐྱ་ཤམ་བུ་ཕྱར་བའི་དབྱིབས། །རྩེ་མོ་བྲག་དཀར་ཉི་ཟླའི་དབུ་རྒྱན་མཛེས། །གསལ་བྱེད་འོད་ཀྱི་ཟེར་མ་ཕྱོགས་བཞིར་འཕྲོ། །

  མཁའ་དབྱིངས་སྤྲིན་དཀར་དར་གྱི་ཅོད་པན་དང་། །སྨུག་སྤྲིན་ན་བུན་མཛེས་པའི་ལྭ་བ་གསོལ། །ཆུ་འཕྲན་ཡན་ལག་བརྒྱད་ལྡན་བདུད་རྩི་འཁྱིལ། །བྲག་རོང་འབབ་ཆུ་རྨ་བྱའི་སྒྲོ་ཐིག་མཛེས། །

  རི་ལུང་ངོ་མཚར་མེ་ཏོག་སྣ་བརྒྱ་བཀྲ། །བཞི་བརྒྱའི་ནད་འཇོམས་ཡོན་ཏན་བརྒྱད་ལྡན་གྱི། །སྨན་མཆོག་དྲི་བསུང་ཕྱོགས་མཚམས་ཀུན་ཏུ་འཐུལ། །སྲོག་ལྡན་དགའ་བ་དགྱེས་པའི་དཔལ་དུ་གྱུར། །

  དགུན་གསུམ་རབ་དཀར་གངས་ཀྱི་ལྭ་བ་གསོལ། །སྟོན་དཔྱིད་གསེར་མདོག་གོས་ཆེན་ལེགས་པར་རྒྱན། །དབྱར་གསུམ་མེ་ཏོག་སྣ་བརྒྱའི་མཆོར་སྒེག་མཛེས། །དུས་བཞིའི་མཛེས་པ་མཐོང་བྱེད་མིག་གི་རྒྱན། །

  དགུང་སྔོན་སྤྲིན་དཀར་རྒྱལ་མཚན་མཐོ་པོའི་འོག །དབྱར་དཔལ་སྦྲང་ཆར་ཟེགས་མ་དུས་སུ་འཁྱིལ། །རི་ལུང་ཐང་གཤོངས་རྩྭ་ལྗང་མེ་ཏོག་གཏམས། །སྐྱེ་དངོས་སྲོག་ལྡན་ཀུན་གྱི་བདུད་རྩིར་གྱུར། །

  དེ་ལྟའི་རི་རྒྱལ་ལྷུན་པོའི་དཔལ་ཡོན་ཅན། །དཀར་ཚོགས་ཡོད་ཁམས་སྲིད་པ་སྐྱོང་བའི་རྗེ། །རྩེ་བླ་གཉན་པོའི་ལྷ་རྒྱུད་མཐུ་བོ་ཆེ། །ཤམ་པོ་སྤུན་གསུམ་རྫུ་འཕྲུལ་མྱུར་མགྱོགས་ཆེ། །

  སྐྱ་ཡག་སྒྲོམ་མཛེས་ཞི་བའི་ཚུལ་དུ་གྲུབ། །གཡུ་འཕྲུ་རྩེ་རྒྱལ་དབང་གི་ཚུལ་དུ་བརྗིད། །དོམ་ཁྲ་ཨ་ཡུ་དྲག་པོའི་ཚུལ་དུ་རྔམ། །རི་རྒྱུད་ཞི་དབང་དྲག་པོའི་ཚུལ་དུ་གནས། །

  ཤར་ཕྱོགས་རི་རྒྱལ་རྨ་ཆེན་པོམ་ར་ཡི། །ལྷ་འཁོར་འབུམ་གྱི་ནང་ནས་མཆོག་གྱུར་པ། ། ཐུགས་སྲས་གཉེན་པོ་རྩེ་བླ་བཅུ་གསུམ་གྱི། །ཐུ་བོ་གཉན་ཆེན་ཤམ་པོ་སྤུན་གསུམ་བརྗིད། །

  མདོ་ཁམས་སྨད་ཀྱི་རོང་ཆེན་བཅོ་བརྒྱད་ལ། །སྔོན་ཚེ་གཡུང་དྲུང་བོན་བསྟན་ཁྱབ་པའི་ཞིང་། །བྱང་ཕྱོགས་ཨ་ཏ་རོང་གི་གནས་ས་ལ། །བོན་བསྟན་གཉེན་པོ་སྲུང་བའི་མཐུ་བོ་ཆེ། །

  དམ་ཅན་གཏེར་སྲུང་ཡུམ་སྲས་སྡེ་ལྔ་ལས། །གཤེན་རབ་བོན་གྱི་མགུལ་ལྷ་གཉེན་པོའི་གཙོ། །ནུབ་ཕྱོགས་ཀླུ་བདུད་ཐང་ལྷ་གཉན་སྲས་ཀྱི། །གཏེར་སྲུང་ཕྲིན་ལས་སྒྲུབ་པའི་བཀའ་བློན་མཛད། །

  གཤེན་གྱི་བཀའ་གཙིགས་གཉེན་པོ་ཐོད་དུ་བཅིངས། །བསྟན་པ་སྐྱོང་བའི་དམ་བཅའ་དོན་དུ་གཉེར། །གཤེན་རབ་ཐུགས་སྤྲུལ་གནས་ཆེན་བོན་རི་ཡི། །སྐུ་གསུང་ཐུགས་རྟེན་གཉེན་པོའི་བྱང་སྒོ་སྲུང་། །

  བར་དུ་གཉན་ཆེན་ཐང་ལྷའི་ཐུགས་ཀྱི་སྲས། །ཐང་སྲས་རྫ་རི་ནོར་བུའི་དབྱིབས་ཅན་ལ། །དབུ་རྩེར་བྲག་དཀར་མེ་རི་འབར་བ་དང་། །རྒྱས་པའི་ལས་ཀུན་གྲུབ་པའི་ཚུལ་དུ་གནས། །

  གཡུང་དྲུང་བོན་བསྟན་འོད་ཟེར་འཕྲོ་བའི་བརྡ། །རི་རྒྱུད་བྲག་དཀར་མཛེས་པའི་བཀའ་རྟགས་ཡོད། །ཡོད་ཁམས་སྲིད་པའི་ལྷ་ཚོགས་ཡིན་པའི་དོན། །མདུན་དུ་ལྷ་རར་སྒྲ་བླའི་དཔའ་མཁར་ཡོད། །

  རི་རྩེར་ཡི་གེ་ཨ་དཀར་འོད་དུ་འབར། །སྐེད་པར་གསས་ཁང་ངོ་མཚར་རང་བྱོན་གནས། །ཕྱོགས་མཚམས་ཏིང་འཛིན་ཉམས་རྟོགས་འཕེལ་བའི་ས། །འཚམས་ཁང་བྲག་ཕུག་ལས་བཞིའི་ཚུལ་དུ་གནས། །

  བྲག་ཕུག་གོང་དུ་མཁའ་འགྲོའི་གསང་ལམ་དོད། །ཤམ་པོའི་མདུང་རྗེས་དུང་དཀར་རང་བྱོན་གྲུབ། །རིག་འཛིན་གོང་མའི་ཞབས་རྗེས་ཁྱད་དུ་འཕགས། །བཀའ་རྟགས་ངོ་མཚར་བྱིན་རླབས་བསམ་མི་ཁྱབ། །

  རྒྱབ་ནས་རི་རྒྱུད་དར་དཀར་ཡུར་བ་ཐེན། །མདུན་ནས་ལྷ་ཀླུ་གཉན་གསུམ་དམག་ཚོགས་བརྒྱུ། །གཤམ་དུ་བོན་ཆུ་སྔོ་མོ་དལ་གྱིས་འབབ། །རང་བྱུང་ཁོར་ཡུག་བཀོད་པ་རྨད་དུ་བྱུང་། །

  གཡས་སུ་ཤམ་པོའི་སྒྲ་བླའི་གོ་མཛོད་གནས། །གཡོན་དུ་བྲག་ལ་དྲང་སྲོང་འགོག་པ་ཡོད། །མདུན་དུ་ཤམ་པོའི་ཚོགས་ཟངས་རང་གྲུབ་སོགས། །རང་འབྱུང་ངོ་མཚར་ཆེ་བ་དུ་མ་ཡོད། །

  ཕྱོགས་བཞིར་སེར་པོ་གསེར་གྱི་གཏེར་ཁ་དང་། །ཁམ་པ་དངུལ་དང་ཁྲ་བོ་གཟི་ཡི་གཏེར། །སྨུག་པོ་མཆོང་སོགས་གཏེར་མཛོད་སྒོ་བཞི་ལ། །གཏེར་རྟགས་ནོར་བུ་འབར་བའི་དབྱིབས་ཅན་ཡོད། །

  བསྟན་པ་སྲུང་བའི་ཕྲིན་ལས་མྱུར་བའི་དོན། །དུས་དྲུག་དག་ལ་ཤམ་པོའི་དབུ་རྩེ་རུ། །སྤྲིན་མེད་ནམ་མཁའི་དཀྱིལ་དུ་མེ་རྟགས་ནི། །ངོ་མཚར་ཤིན་ཏུ་ཆེ་བ་འཕྲོ་བ་ཡོད། །

  སྔོན་ཚེ་དྲན་པས་བཀའ་དམ་གཉེར་དུ་གཏད། །ཕྱིས་སུ་མཁན་ཆེན་ཕུན་ཚོགས་བློ་གྲོས་དང་། །ཉི་མ་དབང་རྒྱལ་སྒོ་སྟོན་འགྱུར་དགའ་སོགས། །དམ་པའི་མདུན་དུ་བསྟན་སྲུང་ཞལ་གྱིས་བཞེས། །

  གཏེར་སློབ་ཅུ་ར་འོད་ཟེར་རྒྱལ་མཚན་དང་། །ཁྲོ་རྒྱལ་ཉི་རྒྱལ་རྨའུ་སྤ་གཏེར་དང་། །ཚུལ་ཁྲིམས་གྲགས་པ་བཀྲ་ཤིས་རྒྱལ་མཚན་སོགས། །སྐྱེས་ཆེན་དུ་མས་བསང་བརྔན་མཆོད་བསྟོད་མཛད། །

  ཡུལ་གྱི་སྐྱེས་ཆེན་བླ་སྤྲུལ་བོན་གཤེན་གྱིས། །རྡུང་རྡུང་མཆོད་མཆོད་བྱས་པའི་བརྔན་ཡོན་དང་། །ཡུལ་མིས་བོས་བོས་གསོལ་གསོལ་བྱས་པའི་ལན། །དགོས་པའི་དུས་སུ་མངགས་བཅོལ་གོ་ཆོད་ཡིན། །

  ལྷ་འདྲིས་སྔོན་ནས་མགོན་པའི་རྒྱབ་རི་ཡིན། །མི་འདྲིས་རྒྱུན་དུ་མཆོད་པའི་ཡུལ་སྡེ་ཡིན། །ལྷ་མི་དམ་ཚིག་མཐུན་སའི་གནས་གཞི་ནི། །ཡུལ་བཟང་བོན་གཞུང་གཡང་སྡེ་ཕྱུག་མོ་ཡིན། །

  དེ་ལྟར་རྩ་བརྒྱུད་བླ་མའི་དམ་ཚིག་དང་། །ཡུལ་མིས་མཆོད་བསྟོད་བྱས་པའི་རིན་དོད་དུ། །དགའ་མགུ་མོས་པའི་ཐུགས་བརྩེའི་མཐུ་བསྐྱེད་ལ། །གནས་འདིར་བསྟན་སྲིད་དར་བའི་གཟི་བྱིན་སྩོལ། །

  ཡུལ་སྡེ་མི་ནོར་འཁོར་དང་བཅས་པ་ལ། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་དང༌་། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཀུན་སྒྲུབ་ལ། །བསམ་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད། །

  ཅེས་བོན་གཞུང་རྒྱབ་རི་ཡུལ་ལྷ་ཤམ་པོ་སྤུན་གསུམ་གྱི་ཁྱད་བོན་རྣམ་བཤད་རིན་ཆེན་གཏེར་ཞེས་བྱ་བ་ཨ་རུ་༧ཤེས་རབ་རྩལ་ལམ་བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་སྤྱི་ལོ་ཉིས་སྟོང་ཉེར་ལྔ་སྟེ་བོད་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་དཀར་ཕྱོགས་བཟང་པོར་བྲིས་པ་དོན་དེ་བཞིན་དུ་གྲུབ་པར་གྱུར་ཅིག །དགེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།