ཀ་ཕྲེང་རང་གཤིས།

[ཟླ་ཚེས། 2013-04-18 02:07:18][རྩོམ་པ་པོ། ཚུལ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀ་དག་རྒྱུད་ལ་རྟོགས་པའི་སྒོམ་ཆེན་དང་།།
ཁ་ནས་རྟགས་གསལ་རྩོད་པའི་བཤད་གྲྭ་བ།།
ག་ཤའི་སྒོམ་ཐག་བརྒྱབ་པའི་སྒྲུབ་གྲྭ་ལ།།
ང་ཡིས་མི་དད་ཟོག་པོའི་བླ་མར་དགའ།།
ཅ་ཅོའི་འཆལ་ཚིག་མེད་པའི་གདམ་ངག་དང་།།
ཆ་ལུགས་དམན་ཆས་གསོལ་བའི་རྣལ་འབྱོར་བ།།
ཇ་རྩམ་དྲིན་གྱིས་བསྐྱངས་པའི་ཕ་མ་ལ།།
ཉ་ཆུའི་དད་དམ་མི་ཤེས་གྲུབ་བརྫུར་དགའ།།
ཏ་ལེར་དུས་གསུམ་མཁྱེན་པའི་གྲུབ་ཐོབ་དང་།།
ཐ་མའི་འཁོར་ཚོགས་སྤངས་པའི་བྱ་བྲལ་བ།།
ད་ལྟའི་སྙིགས་དུས་འགྲོ་འདྲེན་བླ་མ་ལ།།
ན་འཆིའི་སྐྱབས་བཅོལ་མི་བྱེད་སྔགས་གཟུགས་དད།།
པ་ཕའི་ན་ཚ་བཅོས་བྱེད་པད་ཤག་དང་།།
ཕ་རོལ་གཤིན་ལ་དགེ་རྩ་སྒྲུབ་བྱེད་པ།།
བ་ཕྱུགས་དབྱར་ལ་བཞོས་པའི་ཤེ་བསོགས་རྣམས།།
མ་ལུས་ཚང་མ་ས་མཐའི་བླ་མས་བསྣམས།།
ཙ་རི་གནས་སྐོར་བྱས་པ་ཕན་མེད་དང་།།
ཚ་གཟེར་སྨན་གྱིས་བཅོས་ན་མི་དྲགས་པར།།
ཛ་དྲག་གློ་བུར་གོད་ཆག་མི་འཛེམ་པར།།
ཝ་ལེར་གདོན་བྱ་ཕུད་ན་འཐུས་པར་སེམས།།
ཞྭ་དཀར་བོན་གྱི་གཤིན་པོའི་གནས་འདྲེན་དང་།།
ཟ་འདྲེ་ཁ་ཕྲལ་སྲིད་གཤེན་ཐེག་པའི་བོན།།
འ་ཅག་ཐེག་དགུའི་གཞུང་ལུགས་རྣལ་མ་ལ།།
ཡ་མཚན་མི་སྐྱེ་ཕུར་ཐོགས་བླ་མར་བསྐུར།།
ར་བའི་ཕྱུགས་ལ་གོད་ཁ་ཡོད་མེད་དང་།།
ལ་རྒྱ་ཁྱིམ་ཚང་འཚོ་བའི་འགལ་དང་རྐྱེན།།
ཤ་ཁྲག་ལུས་ལ་ན་ཚ་འབྱུང་མིན་བཅས།།
ས་མཐའི་བླ་གཟུགས་རལ་པ་ཅན་ལ་ཞུ།།
ཧ་ཅང་ལོ་རྒྱུས་ཡུན་རིང་གནའ་རྫས་དང་།།
ཨ་ཕས་ཤུལ་དུ་བཞག་པའི་རིག་དངོས་སོགས།།
ཧ་ཅང་རིན་ཐང་བྲལ་བའི་རྒྱུ་རྫས་རྣམས།།
ཨ་ཁ་གདོན་བྱ་འཁོར་ཟེར་གཅོད་པས་གསུངས།། །།
༢༠༡༢ ༡༢ ༡༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།