བརྒྱད་ཅུའི་དུས་སྟོན་གྱི་སྨོན་ཚིག
[ཟླ་ཚེས། 2013-04-18 02:04:54][རྩོམ་པ་པོ། དགེ་བཤེས་དྲང་སྲོང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འཁོར་ལོ་གསུམ་གྱི་རྒྱལ་ཐབས་ལ། །
ཅི་དགར་དབང་བའི་མཐོ་རིས་གྲོང་། །
རྟོགས་ལྡན་བཀྲ་ཤིས་འཁྱིལ་བའི་གླིང་། །
དམ་པའི་འོད་དཀར་འབྱུང་བའི་མཚོ། །
འགྲོ་ཀུན་གཉེན་དུ་གཟིགས་པ་ཡིས། །
རྩུབ་རེག་བྲལ་བ་འཇམ་པའི་དབྱངས། །
རིམ་དགུར་སྟོན་པའི་མཁྱེན་རབ་ཀྱི། །
རྒྱ་མཚོ་ཆེ་ལ་ཅིས་མི་དད། །
ལུང་དང་རྟོགས་པའི་ཡོན་ཏན་གྱི། །
ལེགས་བརྒྱན་ཟླ་མེད་བཤེས་གཉེན་གྱིས། །
ཡོངས་བཟུང་གཤེན་གྱི་དགེ་སྦྱོང་ཆེ། །
འཛམ་བུ་གླིང་གི་རྒྱན་མཆོག་ཉིད། །
ཡང་དག་ལྟ་བའི་ཟབ་གནད་མཁས། །
ཚུལ་གནས་ཁྲིམས་ཀྱིས་མཛེས་པས་བཙུན། །
བོན་མཐུན་རྣལ་མ་སྐྱོང་བས་བཟང་། །
ཚད་ལྡན་བཤེས་གཉེན་ཨུཏྤལ་བཞིན། །
དེང་དུས་ཕལ་ཆེར་ཡིག་རྨོངས་གྱུར། །
ལ་ལ་གཏོ་ཆོག་མི་ཚེ་འདའ། །
ཁ་ཅིག་ལྟོ་འཕྱིད་བློ་ཡིད་ཚིམས། །
གཞན་དག་རྨོངས་དད་ཙམ་ལ་བསྟེན། །
ཁྱེད་ནི་བསྐལ་མང་གོམས་པ་ཡིས། །
རྣལ་མའི་ངེས་འབྱུང་གཞན་དོན་དུ། །
སྙིང་རྗེ་ཐེག་པ་ཆེན་པོའི་སེམས། །
ཐབས་མཆོག་ལེགས་པར་བསྒྲུབ་པ་མཚར། །
རྒྱ་ཆེན་གཤེན་གྱི་གཞུང་ལུགས་ཐོས། །
རིགས་པ་བཞི་ཡིས་ཡང་ཡང་བསམ། །
མ་བཅོས་ལྷུགས་པར་རྟག་ཏུ་བསྒོམ། །
ཨེ་མ་སྐྱེས་བུ་དམ་པའི་ཚུལ། །
ཐར་འདོད་ཀུན་ལ་ཟབ་གནད་འཆད། །
སྒྲོ་སྐུར་ནང་ནས་རྩོད་པས་གཅོད། །
ཚིག་དོན་ཕུན་ཚོགས་རྩོམ་རིག་སྤེལ། །
མཁས་པའི་བྱ་བ་ཅི་ཡང་ཆེ། །
བདག་ཏུ་འཛིན་པའི་གླང་སྨྱོན་བཏུལ། །
རྨོངས་པའི་མུན་པ་ཡུལ་ནས་ཕུད། །
ཤེས་རབ་སྒྲོན་མེ་ནང་ནས་སྤར། །
ཕ་རོལ་ཕྱིན་བཅུའི་རྒྱལ་ས་བསྐྲུན། །
མཁས་མང་ཞབས་པད་ཡུན་རིང་བསྟེན། །
རྩོམ་ལ་རྨོངས་པའི་དྲྭ་བ་བཅད། །
རང་རྒྱུད་བྱང་སེམས་སྤྱོད་པས་དུལ། །
ཟུང་འབྲེལ་མདོ་སྔགས་རྒྱུད་ལ་བསྟེན། །
དུས་འགྱུར་བསྐལ་པའི་རླུང་དམར་གྱིས། །
ཕྱོགས་ཀུན་བདས་པའི་སྒྲོན་མེ་ཁྱེད། །
བསླབ་གསུམ་རྩི་བཅུད་མ་ཡལ་བའི། །
འོད་མདངས་མཁའ་ལ་འཕྲོ་བ་མཚར། །
དགེ་འདུན་སྡེ་ཆེན་སློབ་ཚོགས་བསྐྱངས། །
ཐུགས་ཉིད་ཡངས་པས་གཤེན་བསྟན་འཛིན། །
ཆོག་ཤེས་ཆེན་པོའི་ཉམས་ལེན་མཛད། །
ཉིན་སྐར་བཞིན་དུ་དཀོན་པ་ཁྱེད། །
ད་ནི་དུས་ཀྱི་འཁོར་ལོ་ཡིས། །
མཛད་བཟང་ལྕི་བས་མ་ཐེགས་པར། །
དགུང་གྲངས་བརྒྱད་ཅུའི་དུས་སྟོན་འདིར། །
ཞབས་པད་ཁྲི་ཁྲག་བརྟན་པར་སྨོན། །
རྟོགས་ལྡན་ཁྲི་པ་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་སྟོན་ཆེད་དུ་བསྐུལ་བ་ལྟར་དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱིས་༢༠༡༢ཟླ་༡ཚེས་༣༠ཉིན་བྲིས། །