བློ་སྦྱོང་བསྡུས་པ་རིན་ཆེན་ཤེལ་གྱི་ཐེམ་སྐས།

[ཟླ་ཚེས། 2013-04-18 01:56:39][རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒ][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀཱ་རུ་ཎཱ་(སྙིང་རྗེ)ཡི་རང་གཟུགས་དམར་སེར་མདངས། །
ཁ་ར་(རྩུབ་པ)ཀུན་བྲལ་འཇམ་དབྱངས་སྐུར་ཤར་བ། །
གཱ་ཐའི་(སྨྲ་བའི)དབང་ཕྱུག་བླ་མ་ལྷག་པའི་ལྷ། །
ང་བདག་འཁྲི་བ་གཅོད་ཕྱིར་སྙིང་དབུས་བསྟེན། །
ཅ་འབྱེད་(སྤང་བྱར)སྡིག་དང་བླང་བྱར་རྣམ་བྱང་དགེ། །
ཆ་ཤས་བཅུ་དྲུག་རྫོགས་བཞིན་རིམ་གྱིས་ནི། །
ཇ་རིལ་(ཐོད་པ)གཉེར་མའི་རི་མོ་མ་བྲིས་གོང་། །
ཉ་རྒྱས་གཟི་འོད་ཟིལ་གནོན་སེམས་ཀྱིས་རེམས། །
ཏ་མའི་(མཐོ་རིས)གོ་འཕང་ལེཊ་པར་འཐོབ་འདོད་(སྐྱེས་བུ་ཆུང་ངུ་)ན། །
ཐ་མལ་སྐྱེ་བོའི་ངང་ཚུལ་རིང་དུ་དོར། །
དཱ་ས་(དད་པ)དྲག་པོས་སྐྱབས་འགྲོ་ལས་འབྲས་སོགས། །
ནཱ་གའི་(བདེ་འགྲོའི)རྒྱུ་ཚོགས་སྒྲུབ་དགོས་ལམ་གྱི་སྟེགས། །
པཱ་ཏ་ལ་(འཇིག་རྟེན)ནས་ཡོངས་སུ་ཐར་འདོད་(སྐྱེས་བུ་འབྲིང་)རྣམས། །
ཕ་ལ་(ཡང་དག)ངེས་འབྱུང་སྐྱོ་ཤས་བཅོས་མིན་གྱིས། །
བ་སུ་(སྟན)བདེ་བར་བསམ་གཏན་ལ་གནས་ཏེ། །
མཱ་ར་(བདུད)བདག་འཛིན་གཉེན་པོར་ཤེས་རབ་བསྐྱེད། །
ཙཱ་ར་(འཆིང་བ)ཀུན་ལས་ཡོངས་སུ་གྲོལ་(སྐྱེས་བུ་ཆེན་པོ)འདོད་རྣམས། །
ཚ་ལཱའི་(ཡིད་འོང་)བྱམས་སྙིང་ལྷག་པའི་བྱང་སེམས་བསྐྱེད། །
ཛཱ་ཡ་སྲས་བཅས་བགྲོད་པ་གཅིག་པའི་ལམ། །
ཝ་ད་(སྨྲ་བ)བསླུ་མེད་དམ་པའི་གསུངས་བཞིན་སྒོམས། །
ཞ་ལུ་(མྱུ་གུ)སྔོན་པོ་སྐྱེ་ལ་རྒྱུ་རྐྱེན་དང་། །
ཟྭ་ཡི་དམ་རྒྱ་འབྱེད་ལ་ལྡེ་མིག་བཞིན། །
འ་ཅག་སངས་རྒྱས་སྒྲུབ་ལ་རྒྱུ་མེད་པར། །
ཡ་ཡ་(རྣམ་གཡེང་)བོ་ཡི་ངང་ནས་ག་ལ་འགྲུབ། །
ར་ས་(བརྩོན་འགྲུས)ལེགས་ལྡན་དཀའ་བའི་གནས་ཀྱང་སླ། །
ལ་ཏཱ་(ཡལ་ཀ)ཕྱོགས་བཅུར་རྒྱས་འདྲའི་དད་གུས་རྩེར། །
ཤཱ་ལཾ་(རང་བཞིན)བཟང་པོས་དགེ་ཚོགས་ལེགས་སྤེལ་བའི། །
ས་ཁས་(ལོ་མ་གསར་བས)མཛེས་བཞིན་འབྲས་བུ་དང་ལྡན་ན། །
ཧ་རི་(དཔག་བསམ་ཤིང་)ཙན་དན་ཁེངས་པ་ཀུན་ནས་འཕྲོག །
ཨ་ལཾ་(ཡོངས་རྫོགས)མདོ་སྔགས་བསྟན་ལ་ཚུལ་བཞིན་སྤྱོད། །
ཨཱི་ཤཱ་(རྗེ)ར་མགོན་ཞབས་པད་སྤྱི་བོ་རུ། །
ཨུ་ད་(ཐོབ་པ)ལས་བྱུང་གདམས་པ་འདི་བསྟེན་ན། །
ཨེ་ན་(ཉེས་པ)ཀུན་སྤངས་ཡོན་ཏན་ཀུན་ལྡན་འཐོབ། །
ཨོ་ཙ་ཀ་(བསྡུས་པ)ཡི་བློ་སྦྱོང་ཡིད་ལ་ཟུངས། །

      ཞེས་ཕལ་ཆེར་རྒྱ་གར་སྐད་ཀྱིས་ཀ་འཕྲེང་དང་དབྱངས་ཀྱིས་བསྒྲིགས་པའི་བློ་སྦྱོང་བསྡུས་པ་རིན་ཆེན་ཐེམ་སྐས་ཞེས་པ་འདིའང་། བདག་གི་བླ་མ་སྐྱང་སྟོན་རྒྱལ་བའི་དབང་པོ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པའི་དུས་ཆེན་ཟླ་༥བའི་ཚེས་༡༥ལ་འབངས་ཀྱི་ཐ་ཤལ་བ་དགེ་ལེགས་ལྷན་གྲུབ་རྒྱ་མཚོས་གྲོགས་ཀྱིས་བསྐུལ་ངོར་བྲིས་པ་དགེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།