རྗེས་དྲན་གདུང་བའི་རེ་འབོད།

[ཟླ་ཚེས། 2023-01-23 21:57:40][རྩོམ་པ་པོ། རྒོད་རྗེ་དགེ་བཤེས་གཡུང་དྲུང་བསྟན་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༡༽
བསིལ་ལྡན་ཁ་བ་དཀར་པོའི་མེས་པོ། །
དམུ་རིགས་རྒྱལ་པོ་གཤེན་རབ་མྱི་བོ། །
བར་པོ་སོ་བརྒྱད་མཁར་ལ་འཁྲུངས་ཏེ། །
ཚེ་ལོ་བརྒྱ་པའི་མགོན་དུ་ཕེབས་པ། །
༢༽
རིམ་གསུམ་བཀའ་ཡི་འཁོར་ལོ་བསྐོར་ཞིང་། །
གནས་རིགས་དྲུག་པོ་བདེ་ལ་བཀོད་དེ། །
རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར་དུ། །
མི་རྟག་ཚུལ་བསྟན་མྱ་ངན་འདས་མོད། །
༣༽
སྟོན་པ་འདས་ཀྱང་བསྟན་པ་མ་ནུབ། །
སྐུ་གསུང་ཐུགས་བསྟན་རྗེས་སུ་བཞག་པས། །
ཁམས་གསུམ་ས་དགུ་དོང་ནས་སྤྲུག་པའི། །
རྣམ་བཞིའི་འཕྲིན་ལས་ཟད་པ་མེད་དོ། །
༤༽
གཤེན་རབ་མྱི་བོའི་སྐུ་ཡི་ཞལ་སྐྱིན། །
ལྔ་བདོའི་མུན་སེལ་ནོར་བུ་དབང་རྒྱལ། །
གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ། །
འགྲོ་བའི་བསོད་ནམས་མཁའ་ལས་ཤར་སོང་། །
༥༽
རེ་བདུན་དགུང་གྲངས་ལོ་ཟླའི་རིང་ལ། །
བསྟན་འགྲོའི་ཁུར་ཆེན་བླ་རུ་འདེགས་ཤིང་། །
ཕན་དང་བདེ་བའི་རྩ་ལག་སྐྲུན་པས། །
སྣང་སྲིད་ཁམས་ལ་འོད་སྣང་སྦྱིན་སོང་། །
༦༽
སྐྱེ་དགུའི་བསོད་ནམས་དམན་པའི་སྟོབས་དང་། །
མ་རུང་འབྱུང་པོའི་འཁུ་ལྡོག་དབང་གིས། །
ས་ཆེན་གོ་ལ་འདི་ཡིས་མ་ཐེག
ན་ནིང་ལོ་ལ་ཞིང་གཞན་ཕེབས་སོང་། །
༧༽
འགྲོ་བའི་སྐྱབས་མགོན་འདི་ནས་བཞུད་པས། །
ཧི་མ་ལ་ཡའི་གཟི་མདངས་ཉམ་སོང་། །
ཁ་འབབ་རྣམ་བཞིའི་བཞུར་རྒྱུན་སྐམ་སོང་། །
ས་སྟེང་སྐྱེ་འགྲོའི་བསོད་ནམས་བྲི་སོང་། །
༨༽
ཡང་ཁྱད་ངེད་ཅག་ཤུལ་ལུས་འགྲོ་བའི། །
འདི་ཕྱིའི་རེ་ལྟོས་གཉེན་དང་བྲལ་སོང་། །
བདེ་སྐྱིད་དཔལ་གྱི་རྩ་ལག་སྐམ་སོང། །
མི་མཐུན་རྒུད་པའི་མཚོ་མོ་ལུད་སོང་། །
༩༽
 རིགས་བརྒྱའི་ཁྱབ་བདག་ལྷ་ཡི་ལྷ་མཆོག
འདི་ཕྱི་བར་གསུམ་སྐྱབས་གནས་བླ་མ། །
ཉམ་ཐག་གདུལ་བྱའི་འགྲོ་དོན་བོར་ཏེ། །
བདེ་ལྡན་ཞིང་ལ་བཞུགས་པར་བཟོད་དམ། །
༡༠༽
ཐུགས་ཉིད་ཀུན་གསལ་ནམ་མཁའི་ཀློང་ནས། །
གསང་གསུམ་ཉི་མ་གཞོན་ནུའི་ལང་ཚོ། །
བསྟན་འགྲོའི་བསོད་ནམས་ཞིང་ལ་འཆར་བའི། །
མཁྱེན་བརྩེ་ནུས་པའི་འོད་དཀར་མ་ཆུང་། །
སྐྱབས་མཆོག་འགྲོ་བའི་མགོན་པོ་དམུ་རྒྱལ་གཤེན་གྱི་གདུང་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱིས་མ་ཐེག་པར་བོད་རབ་བྱུང་བཅུ་བདུན་ཆུ་སྟག་སྤྱི་ལོ་༢༠༢༢ལོར་དགོངས་པ་བོན་དབྱིངས་སུ་གཤེགས་པའི་རྗེས་དྲན་དུ་རྒྱལ་གཤེན་རིང་ལུགས་འཁྲུལ་མེད་དུ་འཛིན་པའི་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རིའི་དགེ་བཤེས་ཡོངས་ཀྱི་གྲལ་མཐའ་བ་རྒོད་རྗེ་གཡུང་དྲུང་བསྟན་རྒྱལ་ལམ་དྲྭ་མིང་དུ་རྔུལ་རྫ་ཟལ་མོའི་ཆུ་གཏེར་པས་ལྷ་ལྡན་ཉི་མའི་གྲོང་ནས་གསོལ་བ་བཏབས་པ་ལགས་སོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།