དུས་མཐའི་མུན་རླུང་ཁྲོད་ཀྱི་འོད་སྒྲོན་རྐང་གཅིག་ཡི་རང་ཆེ།

[ཟླ་ཚེས། 2022-08-03 22:02:37][རྩོམ་པ་པོ། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན།][རྩོམ་ཁུངས། ][ཀློག་གྲངས། ]

དུས་མཐའི་མུན་རླུང་ཁྲོད་ཀྱི་འོད་སྒྲོན་རྐང་གཅིག་ཡི་རང་ཆེ།
ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན།
ལྷ་མོའི་འགྱུར་ཁུག་ངག་ལ་མ་ཞུགས་ཀྱང་། །
དད་པས་གཅུར་བའི་གདུང་ཕྲེང་ཁ་ཧུབ་གང་། །
ཐག་དཀར་སོ་ཡིས་མ་ཐུབ་ཕྱི་ལ་ལུད། །
དབྱིངས་ཀྱི་རྒྱལ་བས་གཟིགས་དཔང་ཆོག་པ་ལཱ། །
སྣང་བ་སྐད་གཅིག་བརྟན་པའི་སྐབས་མེད་པའི། །
སྒྱུ་གཟུགས་མངོན་དུ་སྟོན་པའི་དཔེ་ཟླ་རུ། །
ཁྱེད་སྐུ་ཡུད་ཀྱིས་ཡལ་བའི་སྣང་ཚུལ་དེས། །
རྟག་ཐེར་འཛིན་པའི་འགོང་པོར་འཇིགས་པ་ལཱ། །
འདི་སྣང་བསླུ་འདྲེའི་ཁ་གདང་མིག་བགྲད་པས་། །
དལ་རྟེན་ནོར་བུ་བརླགས་པའི་སྐབས་མ་རྙེད། །
དབེན་སའི་ཕ་ཕོག་ལེན་པའི་རུ་དར་བསྒྲེངས། །
ཚེ་དང་བསྒྲུབ་པ་མཉམ་པས་སྐྱིད་པ་ལཱ། །
ཉམས་ཆུང་ཚད་དང་ལྡན་པས་ཀུན་ཡིད་འཕྲོག །
འདོད་ཆུང་ཆོག་པར་ཤེས་པས་གཏེར་ཆེན་ཐོབ། །
སྤྱོད་ཆུང་རྒྱལ་སྲས་སྤྱོད་པས་ཤིན་ཏུ་མཛེས། །
བློ་ཆུང་འགྲོ་བའི་དང་ག་འཕྲོད་པ་ལཱ། །
སྣང་བ་སྤང་གཉེན་རྩོད་པ་ཕུགས་སུ་སྟོང་། །
དུག་རླབས་རྩི་རུ་འགྱུར་བས་ཐ་མི་དད། །
ཡེ་གསལ་སྟོང་པའི་ཐིག་ལེར་གཅིག་ཏུ་ཟླུམ། །
སྤང་བསྒྱུར་གྲོལ་བའི་ཉག་མར་གཤེགས་པ་ལཱ། །
ཞེས་སྒོ་གསུམ་གུས་པས་གླེང་སློང་བའི་ལེའུ་སྟེ་དང་པོའོ། །
ཁམས་བརྒྱད་སྦས་མངོན་བཀའ་ཡིས་བཅད་པའི་དོན། །
ཐོས་དང་བསམ་པ་བྱས་པའི་ལག་རྗེས་སུ། །
མི་ཞེན་བརྩེ་བ་འགལ་འདུ་མ་སོང་བས། །
སྣང་དང་སྟོང་པའི་བདེན་པ་གཉིས་གཅེས་མཛད། །
དཀར་དམར་སྣང་བའི་གནད་ལ་མི་ཐེབས་པའི། །
རིགས་པའི་མདེལ་སོ་ཚུལ་གསུམ་ཚིག་གིས་བདར། །
རང་ཁའི་བློ་རྟོག་རྗེས་སུ་མ་འབྲང་བས། །
སྣང་མེད་སྟོང་པའི་ཉམས་བཞེས་སྦས་པར་བཞུགས། །
གཡོ་དང་ཟོབ་པས་བཅོས་པར་མ་བྱས་ཤིང་། །
བྱམས་པའི་རང་མདངས་བཀྲ་བའི་ཞལ་ངོགས་ནས། །
སྟོང་པ་སྙིང་རྗེས་ཟིན་པའི་འཛུམ་ཞལ་རེས། །
ཁམས་གསུམ་བརྩེ་བས་སྐྱོངས་དེ་ལྷག་པར་དྲན། །
ཐོས་བྲེད་གོག་པོའི་བློ་སྤྲོས་ཆེས་མང་བས། །
མཐའ་བྲལ་ལྟ་བ་ཚིག་སྤྱིའི་འགྲོས་ལས་བསྐྲུན། །
མཐའ་འཛིན་ནག་པོ་མཆེད་པའི་སྐབས་འདི་རུ། །
མཐའ་མེད་མཉམ་བཞག་ངང་གིས་དཔེ་སྟོན་མཛད། །
ཕྱག་སྐོར་འབྲི་བཞེངས་ཀློག་མཆོད་མཚན་བཅས་དགེ །
ཀུན་མཐུན་ཀུན་ལས་འཕགས་པ་བདེན་པའི་སྟོབས། །
རྙེད་ཐོབ་གྲགས་བདེའི་དྲི་མས་མ་གོས་པ། །
དཔང་པོའི་དཔེ་སྟོན་གཤེགས་པའི་ཤུལ་ནས་བསྟན། །
སྣང་བ་བཞག་ནས་དགག་བྱའི་ཤུན་མ་ཕྱེས། །
དགག་པའི་མུ་ལ་དམིགས་པས་གཏད་མ་བཅས། །
སྣང་བའི་ལྟོས་པ་གཞན་གྱི་ངོར་མ་བཀག །
སྟོན་པའི་བསྟན་པ་འཛིན་ཁྱེད་ཅིས་མི་དྲན། །
ཞེས་སྤང་ལམ་མདོ་ཡི་བསྟན་པ་རྒྱུད་ཐོག་ཉམས་བཞེས་མཛད་པའི་གཟི་བྱིན་ལ་རྗེས་རང་ཞུས་པའི་ལེའུ་སྟེ་གཉིས་པའོ། །
སྣང་སྟོང་མ་འདྲེས་གཉིས་མེད་ཀུན་གཞི་གྱི་གཞི། །
འཁྲུལ་སྒྲིབ་གོལ་སྐྱོན་བསལ་བའི་ཉམས་བཞེས་མཛད། །
ཡེ་སངས་རྒྱས་པའི་རང་མདངས་རིག་པས་གཟིགས། །
ལྷུན་གྱིས་གྲུབ་པས་བྱས་སྐྱོན་གཞི་ལས་གསལ། །
གོག་ལམ་ཉུལ་བའི་འགྲོས་ལ་མ་བརྟེན་པས། །
ལོག་དམན་འཆལ་བའི་ལམ་གྱི་སྐྱོན་མ་གོས། །
བསྐལ་པར་བསྲིངས་པའི་རིང་ལམ་འཕྲད་ཀྱིས་བཅད། །
མངོན་སངས་རྒྱས་པའི་ཟབ་ལམ་དངོས་སུ་བགྲོད། །
གཞན་ལས་མ་ཐོབ་རང་ལས་འབྲས་རྙེད་པས། །
རྫོགས་སངས་རྒྱས་པའི་འབྲས་བུའི་དེ་ཉིད་ཡིན། །
སད་སྟོར་འབྱམས་གསུམ་སྐྱོན་གྱིས་མ་གོས་པར། །
མི་ཕྱད་དད་པ་ཆེན་པོས་བསྟོད་པར་བགྱི། །
གཞི་ལམ་འབྲས་བུའི་གསང་ཆེན་གསང་བ་མཆོག །
སྣང་མེད་དག་པའི་སྐུ་རུ་མངོན་པར་བཞེངས། །
སྣང་བཅས་སྐུ་བཞིས་འགྲོ་བའི་དོན་ཆེན་མཛད། །
གསང་བ་སྔགས་ཀུན་རྫོགས་པས་རྗེས་ཡི་རང་། །
སྐྱེ་འཆི་བར་དོ་གསུམ་གྱི་འཁོར་ལོ་ཆེ། །
སྐུ་གསུམ་དངོས་སུ་བསྒྱུར་བའི་གསེར་འགྱུར་རྩི། །
བསྒྱུར་ལམ་སྔགས་ཀྱི་འདུས་སོ་དེ་ཀ་རང་། །
རྟོགས་པའི་རྒྱལ་མཚན་ཕྱར་བ་ཁྱེད་ལས་སུ། །
ཞེས་བསྒྱུར་ལམ་སྔགས་ཀྱི་དེ་ཉིད་ཐུགས་དམ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལ་སྐུ་ཚེ་བསྒྲུབ་པ་མཉམ་བཞེས་མཛད་པར་མི་ཕྱད་པའི་དད་མཚོན་ཞུས་པའི་ལེའུ་སྟེ་གསུམ་པའོ། །
གསལ་དང་སྟོང་པ་རིས་སུ་མ་ཆད་པས། །
སྟོང་པར་སྟོང་པས་མཇལ་བས་བྱ་བྱེད་བྲལ། །
སེམས་ཀྱི་དངོས་པོ་སངས་རྒྱས་ཉིད་དུ་གཟིགས། །
ཡེ་རྟོགས་ཐེག་པའི་རྩེ་མོ་ཁྱེད་ཀྱིས་གཞལ། །
འོད་རིག་འདྲེས་པས་གདོས་ལུས་སྐུ་རུ་གསལ། །
སྒྲ་རིག་མཉམ་པས་ངག་ཚིག་གསུང་དུ་གྲོལ། །
ཟེར་རིག་གཅིག་པས་ཡིད་རྟོག་ཐུགས་སུ་བདལ། །
མཁའ་ཀློང་དབྱིངས་གསུལ་ཐིག་ལེའི་ཉག་མར་གཅིག །
གྲོལ་ལམ་གསང་ཆེན་རྟོགས་པའི་རྒྱལ་ས་ནས། །
རྣལ་འབྱོར་དགོངས་པ་རྫོགས་པའི་སྐྱེས་བུ་དེས། །
བདེན་པའི་དན་རྟགས་ཅོང་རི་བྲག་ལ་བཞག །
སྤྲོ་བའི་ཚིག་ཚོགས་གུས་པོས་ངག་གིས་སྤྲོས། །
ཅེས་གྲོལ་ལམ་རྫོགས་པ་ཆེན་པོའི་དགོངས་རྟོགས་ཉམས་བཞེས་མཛད་པར་རྗེས་སུ་ཡི་རང་ཕུལ་བའི་ལེའུ་སྟེ་བཞི་པའོ། །
འཕན་ཡུལ་མདོ་སྡེའི་བཀའ་ཡི་ཁོང་གསེང་ནས། །
མཐའ་བྲལ་ལྟ་བའི་གདམས་ཟབ་རྫ་ལྟར་ཉིལ། །
གཞན་རྗེས་དྲི་མས་བྲིད་པའི་རྟོག་ཉུལ་བ། །
མདོ་དགོངས་མ་རྟོགས་ཁ་བལྟའི་མཁས་མང་བརྡོལ། །
སྔར་སྲོལ་ཟབ་མོའི་བྱིན་ངད་འཐུལ་བའི་རླབས། །
རང་རྒྱུད་ཕབས་པས་གཞུང་ལ་དཔྱད་མཐར་འཇོག །
མི་བདེན་སྣང་བ་བཀག་པའི་སྟོང་མཐའ་རུ། །
ལྟ་མཆོག་འཛིན་པའི་རྟོག་རྒྱུན་ཆོད་གྱུར་ཅིག །
གསང་ཆེན་སྔགས་ཀྱི་ཡི་དམ་ལྷ་ཡི་སྐུ། །
སྣང་བ་འདི་ཡི་གཤིས་སུ་མ་གཏོགས་པར། །
ཞལ་སྤྱན་བགྲད་པའི་ལྷ་མཆོག་གཞན་ནས་བསུ། །
བསྙེན་སྒྲུབ་རྩོལ་བ་དངོས་འཛིན་དྲྭ་བས་བཅིངས། །
འདི་སྣང་དངོས་པོ་འབྱུང་བའི་ཁུངས་བཅར་ན། །
རང་སེམས་རིག་པ་གསལ་སྟོང་མདངས་སུ་ཡལ། །
གཅིག་བལྟས་ཀུན་མཐོང་ལྷ་རུ་ངོ་འཕྲོད་པས། །
ཕྱི་ནང་གསེར་འགྱུར་རྩི་ལྟར་འགྱུར་བར་སྨོན། །
དྲན་པ་མི་ངོར་བཞེངས་པའི་བྱིན་ཀྱི་རླབས། །
རྡོ་རུས་འཕྲོད་པའི་རྣལ་དུ་མ་འབྱོར་བས། །
དུས་ཀྱིས་རྙོགས་པའི་འཆད་རྩོད་རྩོམ་པ་ཕལ། །
སྤང་སྡུད་ཞེན་པའི་འཕྲང་སོ་གསུམ་ལ་གག །
དཔའ་བོ་རྒྱ་མཚོ་དབུས་ནས་ལྷང་ངེ་བ། །
རྒྱལ་ཀུན་ངོ་བོ་དྲན་པ་ནམ་མཁའ་མཁྱེན། །
གསང་ཆེན་ཡང་རྩེ་བླ་མེད་དགོངས་ཟབ་མཆོག །
སྐད་ཅིག་ཐོགས་བབ་ཆེན་པོར་བྱིན་གྱིས་རློབས། །
ཨ་ཨོཾ་ཧཱུཾཿ    གྱེར་སྤུངས་དྲན་པ་མུ་ལ་ཉེ་ལོ་ཡོ་ཧཱུཾ་འདུ།
ཞེས་སྤང་སྒྱུར་གྲོལ་གསུམ་གྱི་འདུས་སོ་བླ་མ་གཅེས་པའི་སྨོན་པར་འདུན་པས་མཐའ་བསྡོམས་པའི་ལེའུ་ལྔ་པའོ་རྫོགས་སོ། །
 
  ཞེས་པ་མདོ་སྔགས་སེམས་གསུམ་གྱི་དགོངས་རྟོགས་ཚུལ་བཞིན་ཉམས་སུ་བླངས་པའི་དགེ་བའི་བཤེས་གཉེན་ཆེན་མོ་གར་རྩ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེ་སྐུ་མི་རྟག་དགོངས་པ་དབྱིངས་སུ་བསྡུས་སྐབས། རྗེས་ཚོར་དྲག་པོ་སྐྱེས་པའི་དུང་འབོད་ཅིག་སྒོ་གསུམ་གུས་པ་ཆེན་པོས་མདོ་སྔགས་སེམས་གསུམ་དང་འབྲེལ་བའི་རང་ཚོད་དཔགས་པའི་སྟོབས་ལས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལུང་རྒྱུན་ཐེངས་གཉིས་པ་མཐོང་གྲོལ་རི་ཁྲོད་དུ་ཡོངས་སུ་གྲུབ་པའི་རྟེན་འབྲེལ་བཟང་པོའི་དུས་དང་འབྲེལ་གུས་པོ་ར་མ་ཀུན་བཟང་རྒྱལ་མཚན་དུ་འབོད་པས་མཐོང་གྲོལ་རི་ཁྲོད་དགོན་གྱི་འདུས་གླིང་ནས། འབྱུང་ལྡན་༣༠༡རབ་བྱུང་༡༧བོད་ཆུ་སྟག་ཧོར་ཟླ་༥ཚེས  ༣༠2022-7-28. ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།