གནས་མཆོག་རྒྱལ་པོ་ཤེལ་ཁོལ་གྱི་གནས་བསྟོད།

[ཟླ་ཚེས། 2021-03-08 21:28:03][རྩོམ་པ་པོ། ཨ་རུ་ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གཞུང་གནས་མཆོག་རྒྱལ་པོ་ཤེལ་ཁོལ་གྱི་གནས་བསྟོད་རིག་འཛིན་དཔའ་བོའི་ཉམས་ཀྱི་གད་རྒྱངས་ཞེས་བྱ་བ།

དཔོན་གསས་རིག་འཛིན་རྒྱུད་པ་བཅས་ལ་ཕྱག་འཚལ་ལོ། །
བསྐལ་བཟང་འགྲོ་བའི་སྐྱབས་མགོན་བླ་མེད་པ། །
བསྐལ་སྟོང་སངས་རྒྱས་སྤྱི་གཟུགས་དམུ་རྒྱལ་སྲས། །
བསྐལ་བརྒྱའི་བར་དུ་བྱིན་རླབས་རབ་སྤྲོས་ནས། །
སྐལ་ལྡན་གདུལ་བྱ་འདུལ་ལ་གསོལ་བ་འདེབས། །

སྟོབས་བཅུ་དཔལ་མངའ་རྫོཌ་པའི་སངས་རྒྱས་དང་། །
ལུང་རྟོགས་གཡུང་དྲུང་བོན་དང་སེམས་དཔའི་སྡེ། །
གཅིག་སྡུད་གཏན་གྱི་སྐྱབས་གནས་བླ་མ་ལྷ། །
སྙིང་ནས་འདུད་དོ་བརྩེ་བས་རྗེས་སུ་ཟུངས། །

ཡེ་ཤེས་སྤྱན་ལྡན་སྲིད་གསུམ་རྒྱལ་མོ་དང་། །
བདུད་བཙན་དྲ་བ་དམར་ནག་ལྷ་ཚོགས་སོགས། །
རྫུ་འཕྲུལ་མཐུ་ལྡན་སྲུང་མའི་ཚོགས་རྣམས་ཀྱིས། །
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཕྱོར་ཅིག་ཀྱེ། །

གསང་གསུམ་རིག་པ་འཛིན་པའི་དགའ་བཞིའི་ཉམས། །
བདག་མགྲིན་ལམ་ནས་དལ་བུར་བསྐུལ་བ་ལས། །
རབ་སྙན་ཚངས་དབྱངས་དཔའ་བོའི་གད་རྒྱངས་སྒྲ། །
དཔྱོད་ལྡན་བློ་གསལ་གཞོན་ནུའི་སྙན་དུ་སྦྲེངས། །

སྔོན་ཚེ་སྟོན་མཆོག་བརྒྱ་བའི་མགོན་པོ་ཡི། །
གདུལ་ཞིང་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། །
དགེ་བ་བཅུ་ལྡན་བོན་གཞུང་དགའ་བའི་གནས། །
དལ་འགྲོ་བོན་ཆུ་གཡུ་འབྲུག་འཁྱུད་འདྲར་གནས། །

ཐུགས་དཀར་ཝེར་མ་མཁའ་ནས་བབས་པའི་གཡོན། །
སྲིད་པ་མ་སངས་ཐོད་དཀར་གནས་པའི་ཞོལ། །
ཡན་ལག་བརྒྱད་ལྡན་ཆུ་ཕྲན་འབབ་པའི་སར། །
དྲི་ཞིམ་སྨན་མཆོག་སྣ་ཚོགས་འཛོམས་པའི་ཞིང་། །

གསེར་ལྡན་སྒེག་པ་མོ་དེའི་ཉེ་བའི་འགྲམ། །
བྲག་དཀར་བརྗིད་ཆགས་སེང་གེ་འགྱིང་འདྲའི་རི། །
ཁོར་ཡུག་རྣམ་པར་བཀྲ་བའི་ངོ་མཚར་གྱིས། །
ཚངས་ཆེན་རང་གི་འཕྲུལ་ལ་སོམ་ཉི་བསྐྲུན། །

ཕྱི་ལྟར་ས་འཛིན་ལྟ་ན་སྡུག་པའི་ཚོགས། །
ནང་དུ་གསང་གསུམ་རྒྱལ་བའི་དཀྱིལ་འཁོར་ཏེ། །
དབལ་བོན་གནས་མཆོག་ཤེལ་རི་ཕྱུག་མོ་ཞེས། །
དམ་པའི་སྐྱེས་བུ་ཚད་མའི་བཀའ་ཡིས་བསྔགས། །

ཡེ་ཤེས་རང་སྣང་ལས་གྲུབ་གཞལ་མེད་ཁང་། །
ལྷ་དང་ལྷ་མོའི་རོལ་བ་དཔག་ཡས་པ། །
སྣང་ལ་རང་བཞིན་བྲལ་བ་སྒྱུ་མའི་གར། །
དག་པའི་ངོར་ལ་ངོ་མཚར་སྣང་བ་འབུམ། །

དེ་ཉིད་མ་རྟོགས་སོ་སྐྱེས་མིག་ལ་ཡང་། །
ཐབས་མཁས་འཕྲུལ་གྱིས་བསྐྲུན་དང་མཚུངས་པ་ཡི། །
རྨད་བྱུང་གནས་མཆོག་འདི་ཡི་ངོ་མཚར་ལ། །
སྣང་བས་ཡིད་ལ་སྔོན་མེད་དགའ་བ་སྦྱིན། །

ཁྱད་འཕགས་སྟག་ལའི་ཐུགས་ལ་སྤྲུལ་པའི་གནས། །
དབལ་བོན་རུ་ལག་ཤེལ་རི་ཕྱུག་མོ་ཞེས། །
གཡུ་ལུང་ཤེལ་བྲག་གནས་དང་དབྱེར་མེད་པའི། །
དགོངས་རྒྱུད་སྟོན་པ་བྱོན་པའི་གནས་ས་མཆོག །

ལས་བཞི་སྤྱི་དང་ཁྱད་པར་གསང་བ་སྔགས། །
ཕྲིན་ལས་དྲག་པོ་བསྒྲུབ་པའི་གནས་ས་སྟེ། །
ཟླ་གམ་འཁྱིལ་བ་སྡེ་བརྒྱད་འཚོགས་པའི་གནས། །
ཟུར་གསུམ་འབར་བ་སྲིན་པོ་འདུས་པའི་གླིང་། །

སྔོན་ཚེ་དབལ་བོན་སྟག་ལ་མེ་འབར་གྱིས། །
ཡི་དམ་དབལ་ཕུར་སྒྲུབས་པ་ཞལ་ཕྱེས་ཤིང་། །
བསྟན་དགྲ་སྲིན་པོ་ཕོ་མོ་གནས་སུ་བསྒྲལ། །
བསྟན་པ་མི་འགྱུར་བཀའ་རྟགས་རྡོ་ལ་བཞག །

ཕྱོགས་བཞིར་ལས་བཞི་ལྷུན་གྲུབ་བརྡ་རྟགས་དང་། །
སྦྱོར་སྒྲོལ་རོལ་པའི་ཚུལ་དུ་གྲུབ་པ་ཡི། །
ཉམས་པའི་ཐོད་ཟང་ལྷུ་ཚིགས་དོན་སྙིང་སོགས།
མངོན་སྤྱོད་རོལ་པའི་ཚུལ་དུ་ཕྱོགས་མཚམས་བདལ། །

རྣམ་འདྲེན་བརྒྱད་པ་བརྒྱ་བའི་མགོན་པོ་ཡི། །
ཞུ་འཁོར་དབལ་བུ་ངར་ཚ་སྐྱོར་པོ་ཡིས། །
གསང་སྔགས་ཟབ་མོ་བོན་གྱི་སྒྲུབ་པ་མཛད། །
སྒྲུབ་རྒྱུད་བསྟན་པ་བོན་གྱི་ས་བོན་འཛུགས། །

བར་དུ་རིག་འཛིན་ལྕེ་ཚ་མཁར་བུ་ཡིས། །
དབལ་ཆེན་གེ་ཁོད་འབར་བ་ནག་པོ་སྒྲུབ། །
དབལ་མེ་རང་འབར་དབལ་ཆུ་རང་ཁོལ་སོགས། །
གནས་འདིའི་བྱིན་རླབས་ངོ་མཚར་ཁྱད་དུ་འཕཌ། །

ཐ་མ་དྲན་པ་ཚེ་དབང་ལ་སོགས་ཀྱིས། །
སྦས་པའི་ཟབ་མོ་བོན་གྱི་གཏེར་ཁ་ནི། །
བྱེ་མ་ཉི་ཁྲིའི་གླེགས་བམ་སོ་གཉིས་དང་། །
རིག་འཛིན་ཐུགས་ཐིག་གསང་བ་སུམ་དྲིལ་དང་། །

དེ་བཞིན་སྐུ་ཚབ་སྟག་ལྷའི་ལས་ཕུར་དང་། །
གཤེན་ཆེན་གསང་བ་འདུས་པའི་རིང་བསྲེལ་དང་། །
དྲན་པ་བཱེ་རོའི་ཚེ་རིལ་རྡོག་གཉིས་དང་། །
བདུད་རྩི་སྨན་གྱི་ཕབས་གཏའ་དང་བཅས་རྣམས། 

གཡས་ཕྱོགས་བྲག་རི་ཚེ་བུམ་འདྲ་བའི་གོང་། །
གཏེར་སྒྲོམ་ངོ་མཚར་ཟླ་གམ་འདྲ་བའི་དཀྱིལ། །
གཏེར་རྟགས་རང་བྱོན་ཆུ་སྲིན་གྲེ་བའི་ཕུག། །
ཟབ་མོ་བོན་གྱི་གཏེར་ཁ་མང་དུ་སྦས།

དབྱངས་ཅན་མཁའ་འགྲོ་ཆེན་ཡེ་ཤེས་འོད་ལྡན་མས། །
མཁའ་འགྲོའི་བརྡ་ཡིག་གསང་རྒྱ་རི་མོ་བྲིས། །
བསྟན་སྲུང་ཡུམ་སྲས་ལྔ་དང་ཁྱད་པར་དུ། །
གཏེར་བདག་གནས་གསུམ་ཡེ་ཤེས་མཁའ་འགྲོར་གཏད། །

གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་དང་། །
ཁྱད་པར་སྨན་རིའི་མཁན་རབས་རིམ་བྱོན་སོགས། །
ལུང་ཟིན་བླ་མ་གྲུབ་ཐོབ་མཆོག་རྣམས་ཀྱིས། །
བྱིན་རླབས་སྨིན་གྲོལ་མཛད་པ་རྒྱུན་དུ་སྐྱོང་། །

ཁྱད་པར་སྤྲེལ་ལོར་སྤ་ཚང་གཏེར་ཆེན་མཆོག །
ཡེ་ཤེས་གཡུང་དྲུང་བསྟན་པའི་ཉི་མ་ཡིས། །
མཁའ་འགྲོ་བརྡ་ཡི་གསང་ཡིག་རྒྱ་དཀྲོལ་ནས། །
ཕ་འབབ་བོན་གྱི་ཟབ་གཏེར་དངོས་གྲུབ་ནི། །

འཆི་མེད་རིག་འཛིན་དྲན་པ་ཡབ་སྲས་ཀྱི། །
གསང་བའི་མན་ངག་ཐུགས་ཐིག་ཟབ་གདམས་བོན།
བདེར་གཤེཌ་དགོངས་འདུས་གསང་བ་སུམ་དྲིལ་སོཌ། །
ཕྱི་རབས་རྟེན་དུ་དངོས་སུ་བཞུགས་པ་ཡོད། །

རིག་འཛིན་གོང་མས་བྱིན་གྱིས་བརླབས་པའི་གནས། །
ཉམས་དགའ་ཡིད་འོང་འོད་གསལ་གསང་ཕུག་ལ། །
སྒྲུབ་ནས་ཉམས་དང་རྟོགས་པ་འབར་བ་དང་། །
ས་ལམ་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡོད། །

དེ་བཞིན་དབལ་བོན་ང་ཚ་སྐྱོར་པོ་དང་། །
ཁྱད་པར་འཆི་མེད་དྲན་པ་ཡབ་སྲས་ཀྱིས། །
བཞག་པའི་སྐུ་ཞབས་ཕྱག་རྗེས་བྱིན་ཅན་རྣམས། །
ཕྱི་རབས་རྟེན་བཞུགས་པའི་ངོ་མཚར་འབུམ། །

སྲིད་པའི་རྒྱལ་མོ་དྲེའུ་དམར་ནག་དང་། །
སྲིད་རྒྱལ་མི་དྲེད་མ་སོགས་བོན་སྐྱོང་གིས། །
ཞབས་རྗེས་ངོ་མཚར་རང་གྲུབ་དུ་མ་རྣམས། །
མཇལ་བའི་མོད་ལ་བར་ཆད་ཞི་བ་ཡོད། །

མདུན་རྒྱབ་ཡིག་འབྲུ་རྟགས་བརྒྱད་རང་བྱོན་དང་། །
ཉོན་ཤེས་བག་སྒྲིབ་དག་ལ་བདུད་རྩིའི་ཆབ། །
མ་གཅིག་སྲིད་རྒྱལ་བླ་མཚོ་རང་འཁྱིལ་སོགས། །
གང་ཐོས་ཐར་པ་འདྲེན་པའི་དགེ་མཚན་འབུམ། །

རྩ་གསུམ་ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀྱིས། །
གསང་གསུམ་འོད་ཟེར་རྒྱུན་དུ་སྐྱོང་བའི་གནས། །
བསླབ་གསུམ་འདུ་གནས་ཤེལ་རི་ཕྱུག་མོ་ལ། །
སྒོ་གསུམ་དད་པས་ཕྱག་འཚལ་གསོལ་བ་འདེབས། །

གླེགས་བམ་རལ་གྲི་གཡུང་དྲུང་དབྱིབས་ལ་སོགས། །
མི་འགྱུར་བཀྲ་ཤིས་རྟགས་བརྒྱད་ལྟར་བཀྲའི་དབུས། །
ངོ་མཚར་ས་འཛིན་རིམ་པར་ཆགས་པའི་མདུན། །
ཤེལ་བྲག་དར་རྒྱས་གླིང་དགོན་རྣམ་པར་བརྗིད། །

རང་གྲུབ་བརྗིད་ལྡན་ངོ་མཚར་གཙུག་ལག་ཁང་། །
རྟེན་གསུམ་ནོར་བུའི་ཕུང་བོ་དཔག་ཡས་པ། །
འགྲོ་བའི་བསོད་ནམས་གསོག་པའི་ཞིང་ས་རུ། །
རྒྱལ་བའི་ཐུགས་རྗེའི་མཁའ་ལས་བབས་དང་མཚུངས། །

སྔོན་བྱོན་ཡུལ་གྱི་བླ་སྤྲུལ་སྐྱེས་ཆེན་དང་། །
ཁྱད་པར་སྐྱང་འཕཌ་གདུང་རབས་རིམ་བྱོན་དང་། །
འཕགས་མཆོག་རྟོག་ལྡན་མཆོག་ཐུན་རྒྱ་མཚོ་སོགས། །
དམ་པས་བསྟན་འགྲོ་སྐྱོང་བའི་བྱིན་རླབས་ཡོད། །

མ་དག་ཕུང་ཁམས་སྐྱེ་མཆེད་འཁོར་བའི་གཞི། །
གསལ་སྟོང་ཟུང་འཇུག་ཏིང་འཛིན་ལས་བསྒྱུར་ཏེ། །
དག་པ་སྐུ་གསུམ་རྒྱལ་ས་མངོན་ཟིན་པའི། །
ཐར་པའི་ཉེ་ལམ་འཛིན་རྣམས་བསྔགས་བྱའི་ཡུལ། །

དེ་བཞིན་ཕྱི་ལྟར་ལས་བཞི་ལྷུན་གྲུབ་གནས། །
ནང་ལྟར་རིག་འཛིན་མཁའ་འགྲོ་འདུས་པའི་ཞིང་། །
གསང་བ་མཆོག་ཐུན་དངོས་གྲུབ་འབྱུང་བའི་ས། །
ཡང་གསང་གྲུབ་པའི་གནས་ལ་གསོལ་བ་འདེབས།

དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །
རིག་འཛིན་མཁའ་འགྲོའི་ཐུཊ་རྗེས་མྱུར་གཟིཊ་ནས། །
ས་ལམ་ཡོན་ཏན་རྒྱུད་ལ་སྐྱེ་བ་དང་། །
མཐར་ཐུག་སངས་རྒྱས་ཐོབ་པར་བྱིན་གྱི་རློབས། །

རིག་འཛིན་དཔའ་བོའི་ཉམས་རྟོཌ་དགོངས་མཐིལ་གྱི། །
ཡེ་ཤེས་སྣང་བ་རྒྱས་པའི་གད་རྒྱངས་ཤིག །
དགའ་བཞི་ཡེ་ཤེས་ཀློང་ནས་ལེགས་དྲང་བ། །
དད་དང་གུས་པས་ལེགས་པར་བླང་པའི་དགེས། །

གངས་རི་ར་བས་བསྐོར་བའི་ཡུལ་ལྗོངས་སུ། །
མདོ་སྔགས་ཟུང་འབྲེལ་མཉམ་མེད་རྒྱལ་བའི་བསྟན། །
འཁྲུལ་བྲལ་ལུགས་བཟང་དྲི་མེད་ནོར་བུའི་མཛོད། །
དབྱར་མཚོ་འཕེལ་བ་ཇི་བཞིན་དར་བར་སྨོན། །

བསླབ་གསུམ་འདུལ་བའི་བསྟན་པ་རིན་པོ་ཆེ། །
རྒྱལ་བའི་དགོངས་དོན་མ་ནོར་ཚངས་པའི་དབྱིག །
ཐུགས་རྒྱུད་གཏམས་པའི་གཡུང་དྲུང་སེམས་དཔའི་སྡེ། །
གཤེན་བསྟན་སྐྱོང་བའི་མགོན་དུ་ཞབས་བརྟན་ཤོག །

ཁྱད་པར་དབལ་བོན་གཤེན་གྱི་རུ་ལག་མཆོག །
ཤེལ་བྲག་དར་རྒྱས་གླིང་དགོན་བོན་སྡེ་ལ། །
བཤད་སྒྲུབ་ལོ་འདབ་རྒྱས་པའི་པད་དཀར་ལྗོན། །
བསྟན་པའི་གསོས་སུ་མི་ཉམས་འཕེལ་བར་ཤོག །

དེར་བརྟེན་ཡངས་པའི་ཁམས་ཀུན་མི་འདོད་པའི། །
ནད་རིམས་འཁྲུག་རྩོད་མུ་གེ་སད་སེར་སོགས། །
གང་ཡང་མེད་པའི་བཀྲ་ཤིས་བདེ་ལེགས་ཀྱི། །
སྐལ་བཟང་དགེ་མཚན་ས་སྟེང་ཀུན་ཁྱབ་ཤོག །     
   ཨ་རུ་༧ཤེས་རབ་རྩལ་དུ་འབོད་པ་དེས་རིག་འཛིན་གོང་མས་མཛད་པའི་གནས་ཡིག་དང་བསང་བརྔན་སོགས་ལ་གཞི་བཅོལ་ནས་ལྷ་ལྡན་གྲོང་དུ་ཟླ་ཚེས་བཟང་པོར་བྲིས། །བཀྲ་ཤིས་སོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།