རྟོགས་བརྗོད་ལྷད་མེད་སེམས་ཀྱི་དབྱངས་རྟ།

[ཟླ་ཚེས། 2020-09-27 20:46:58][རྩོམ་པ་པོ། སྙན་བཟང་བསོད་ནམས་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྟོན་ཁྱུང་སྟོན་པ་ངང་ལག་གི་ཐུགས་སྤྲུལ་གཉའ་ཚུལ་ཁྲིམས་ཉི་མ་རབ་གསལ་མཆོག་གི་རྣམ་ཐར་རྟོགས་བརྗོད་ལྷད་མེད་སེམས་ཀྱི་དབྱངས་རྟ་ཞེས་བྱ་བ་བཞུགས་སོ།།
སྙན་བཟང་བསོད་ནམས་གཡུང་དྲུང་། (རེབ་གོང་)
མཁྱེན་པ་རྣམ་དག་ལྷ་ཡི་ལམ་ཡངས་པོར།། བརྩེ་ཆེན་ཉི་མ་འབར་བའི་གདེངས་ཀ་ནས།།
ནུས་པའི་འོད་ཟེར་ཕྱོགས་མེད་སྤྲོ་བ་ཡིས།། འགྲོ་ཁམས་མུན་པ་སེལ་མཛད་གང་དེ་རྒྱལ།།
 
སྙིགས་དུས་འདྲེན་པར་ཁས་འཆེས་ཚང་ཚིང་ཁྲོད།།  རླབས་ཆེན་མཛད་བཟང་ཁུར་གྱིས་རབ་ལྕི་བའི།།
སྟོན་ཁྱུང་སྟོན་པ་ན་རིམ་དཔག་བསམ་དབང་།། མཚན་གྱི་སྙན་པ་བྱང་རྒྱུད་འཛིན་མའི་རྒྱན།།
 
གང་གི་ཡང་སྲིད་ཨ་མདོ་བ་ཡན་ནས།། ཚུལ་ཁྲིམས་ཉི་མ་རབ་གསལ་བསྟན་འགྲོའི་དཔལ།།
འགྲོ་ཁམས་མོས་པའི་མཁའ་ལ་ཤར་བའི་གཟིས།། ས་ཆེན་མུན་པའི་དཔུང་ལས་རྣམ་པར་རྒྱལ།།
 
སྐྱེད་བྱེད་འཆི་མེད་ལྷ་ཡི་མཚན་ཅན་དང་།། སྨིན་བྱེད་མཁར་གྱི་མཚན་ལྡན་ཡབ་ཡུམ་ལས།།
དམ་པའི་མྱུ་གུ་དབང་ཕྱོགས་མཚམས་སྤྲིན་ནང་།། ངོ་མཚར་ཉི་མ་ལྕགས་ཕོ་འབྲུག་ལ་བལྟམས།།
 
དངོས་སྣང་དྲི་མས་མ་གོས་ཆུང་དུས་ནས།། སྐྱེས་བུ་དམ་པའི་རང་གཤིས་འགྱུར་མེད་སྐུ།།
སྟོན་ཁྱུང་སྟོན་པའི་ཡང་སྲིད་འཁྲུལ་མེད་དུ།། སྐྱང་སྤྲུལ་ལུང་རྟོགས་བསྐལ་བཟང་རྒྱ་མཚོས་བསྔགས།།
 
གཡུང་དྲུང་བསྟན་པའི་སྒོར་ཞུགས་ཐུན་མོང་དང་།། ཐུན་མིན་རིག་པའི་གནས་ལ་གསན་སྦྱང་གནང་།།
མཚན་ལྡན་བླ་མ་རྣམས་ལས་ཁྲིད་དང་ལུང་།། དབང་རྒྱུན་མན་ངག་བུམ་པ་གང་བྱོར་མཛད།།
 
བསྟན་པའི་གནས་གཞི་ཨ་དཀར་ལྷ་ཁང་ནང་།། ཡི་དམ་ཁྱད་འཕགས་དབལ་གསས་རྔམ་པ་ཡི།།
སྒྲུབ་པ་ཚད་ལྡན་མཛད་སོགས་གཞོན་དུས་ནས།། གྱེར་བསྟན་ཉམས་ལེན་རྨད་བྱུང་འགྲན་ཟླ་བྲལ།།
 
དེ་མཚམས་མཉམ་ལས་ཁང་ཚུགས་ཕྱི་ཡི་ཚུལ།། ཀུན་ལ་བསྟུན་ནས་ནང་གི་ཉམས་ལེན་གྱི།།
རྣལ་འབྱོར་དལ་འགྲོ་རིང་དུ་འབབ་པའི་རྒྱུན།། སོ་ནམ་བྱ་བཞག་ལོ་ཟླའི་ཁྲོད་ནས་བསྐྱལ།།
 
ལོ་རབས་བརྒྱད་ཅུར་བོན་སྤྱོད་རང་དབང་གི། སྐྱ་རེངས་གསར་པས་བདེ་སྐྱིད་ནམ་ལངས་དུས།།
གཤེན་རབ་བསྟན་དང་བརྒྱུད་འཛིན་པད་རྩ་ལྟར།། ཕྲ་བ་གང་སར་ཉམས་གསོའི་ཐུགས་འགན་བཞེས།།
 
དཀའ་བ་བརྒྱ་ཕྲག་དབྱིག་གི་བློ་གྲོས་མར།། ལེགས་འཁྲུངས་ཡལ་འདབ་བཟོ་བཀོད་ཕུལ་བྱུང་བ།།
དོར་ཞིའི་འདུ་ཁང་ཡོངས་འདུས་ལྗོན་པ་ཆེ།། ངོ་མཚར་གཞལ་མེད་འཇིག་རྟེན་རྒྱན་དུ་བཞེངས།།
 
མང་ཡུལ་བྱེ་མ་བདལ་བའི་ཤར་ངོས་སུ།།  བོན་བརྒྱ་ཁྱུང་སྨན་དགོན་པ་གསར་བསྐྲུན་ལ།། 
བླ་མའི་ཕྱག་རོགས་འབའ་ཞིག་དོན་གཉེར་ནས།། བསྟན་པའི་གནས་གཞི་འདུ་ཁང་དཔེ་མེད་བཞེངས།།
 
འཁོར་གྱི་ཕྲ་མས་སུམ་ལྡན་བླ་མ་ཟུང་།། སོ་སོར་གྱེས་པའི་འགལ་བ་ནང་འདུམ་པར།།
ཀུན་མཐུན་གཤིས་ཀ་རིན་ཆེན་དང་པོའི་ཁམས།། སྙིགས་མའི་འདྲེན་པ་ཁྱོད་ལས་གཞན་ལ་དབེན།།
 
ལྷག་བསམ་དཔྱིད་དཔལ་རྒྱས་པའི་འཛིན་མ་ལས།། རྟེན་བཞེངས་ས་བརྟོལ་ལྗོན་པ་མང་ཚར་ཏེ།།
སྨིན་གྲོལ་དུང་དཀར་འདུ་ཁང་རྒྱ་བསྐྱེད་པ།། གསས་ཁང་དཀར་ནག་བཀྲ་གསལ་ཟླ་བོར་བསྙེམས།།
 
གཞན་ཕན་རྗེས་འཛིན་གསོ་རིག་མན་ངག་གིས།། གར་ཕེབས་ས་ཡི་འགྲོ་བ་ཟུག་རྔུ་ལས།།
གྲོལ་བའི་ཐབས་ཚུལ་ནམ་ཡང་མ་འགག་པ།། དཔྱད་བུ་ཁྲི་ཤེས་ཨ་མདོའི་ས་ལ་སྣང་།།
 
སྤུ་གྲི་སྐོར་གསུམ་གདམས་པའི་སྲུང་རིམ་གྱིས།། བསྟན་པ་བོན་ལ་འཚེ་བ་གཤེད་མའི་དཔུང་།།
བླ་ཚེ་སོག་མ་བཞིན་དུ་བཅོམ་པའི་མོད།། གཤེན་རབ་བསྟན་པའི་དཔལ་ཁ་དགུང་ལ་བསྟད།།
 
སྐུ་བགྲེས་དགུང་ལོ་བདུན་ཅུ་ཡར་བུད་ལ།། སྟོན་ཁྱུང་སྨིན་གྲོལ་འདབས་རོལ་ཉིན་མགོ་རུ།།
གསས་ཁང་གསར་དུ་བཞེངས་ནས་གསང་སྔགས་ཀྱི།། སྒྲུབ་སྡེ་བཙུགས་པའི་མཛད་རྗེས་བླ་ན་མཐོ།།
 
དེང་སང་བླ་མའི་མཚན་གྱི་འཁྲི་ཤིང་ལ།། ཆགས་སྡང་རུ་ངའི་ཚེར་མ་རབ་རྣོ་ཞིང་།།
སྤྲུལ་པའི་སྐུ་ཞེས་སྟོང་སྐད་ཆེ་རྣམས་དང་།། དམ་པ་འདི་ཉིད་གཏན་ནས་འདྲ་བ་མིན།།
 
མཛད་པ་འཕྲིན་ལས་མཐའ་ནི་འདི་ཙམ་ཞེས།། བརྗོད་པར་སུས་ཀྱང་རྔོ་མི་ཐོགས་པ་དང་།།
སྐུ་ཚེ་གཞན་ཕན་ཁོ་ནས་བསྐྱལ་བ་འདིར།། དད་པ་དག་སྣང་བློ་ལས་གཞན་དུ་ཅི།།

བསྟན་དང་འགྲོ་བའི་དོན་ལ་ཐུགས་བྲེལ་ནས།། མི་ལོ་བརྒྱད་ཅུ་ག་ལེར་སོང་བ་ལ།།
ཕྱི་མིག་ལྟོས་ནས་མཛད་རྣམ་རྒྱ་མཚོ་ལས།། མདོར་བསྡུས་ཆུ་ཐིགས་ཙམ་ཞིག་བཀོད་པ་ལགས།། 
 
གང་སྐུ་འཁོར་ལོ་གསུམ་གྱི་རྩེ་དགའ་ལ།། རིང་ནས་རྩེན་པའི་ངོ་མཚར་གཏམ་གྱི་ཕྲེང་།།
རེབ་གོང་ཡུལ་ནས་སྐྱེས་པ་སློབ་མའི་གྲས།། སྙན་བཟང་བསོད་ནམས་གཡུང་དྲུང་མིང་གིས་བྲིས།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།