སྐུ་ཚེའི་བསྐལ་བརྒྱའི་མཆོད་སྤྲིན།

[ཟླ་ཚེས། 2020-01-27 11:05:39][རྩོམ་པ་པོ།  དགེ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་བསྟན་འཛིན་རྣམ་དག་དཔལ་བཟང་བོ་མཆོག་གི་དགུང་གྲངས་གོ་ལྔར་ཕེབས་པར་ཁ་མིན་དོན་གྱིས་དགའ་སྤྲོ་ཆེན་པོ་བྱུང་བ་དང་རྟེན་འབྲེལ་ཞིག་གི་དོད་དུ་གུས་པ་ཆེན་པོས་བྲིས།
————ཐོག་མའི་གསལ་བཤད།  
  དགེ་བློ་གྲོས།   རྔ་བ།  
   གནམ་ས་བླ་འོག་བརྗེ་བ་ལྟ་བུའི་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ནས་ང་ནི་ཆེས་བླུན་པོ་ཞིག་དང་ཆེས་ཨུ་ཚུགས་སྲ་འཐས་ཀྱིས་འཚོ་བ་སྐྱེལ་བའི་སྤྱིར་བཏང་སྤྱིར་བཏང་ཞིག་དང་།  སྒམ་ཚུགས་དང་ཤེས་རབ་ཀྱི་འཚོ་བ་ནམ་ནམ་ཞར་ཞར་རོལ་མྱོང་མེད་པའི་གོར་གོར་གྲལ་གྱི་གྲལ་མཐའ་དང་། གཤར་གཤར་གྲལ་གྱི་གྲལ་རྔ་ན་འདུག་ལོབས་སུ་སོང་བའི་ཤ་བོད་རུས་བོད་ཀྱི་བོད་རྒན་དཀྱུས་མ་ཞིག་ལས་ཅི་ཡང་མིན་ལ།   ད་རུང་ཤེས་རིག་གི་སྤྱི་ཚོགས་སུ་གོམ་པ་གང་དོ་རེ་ལས་སྤོ་མྱོང་མེད་པའི་ཀླད་ལོག་ཅིག་ཡིན་ཞིང་། བྱ་བ་ཆེན་པོ་ཞིག་ཤེས་རབ་ཀྱིས་མི་ལྕོགས་ལ་ཆུང་བ་ཞིག་ང་རྒྱལ་གྱིས་ཁུར་ན་འདོད་ཀྱིན་མེད་པས།  ཡར་གྱི་ལྷ་གྲལ་དང་།  མར་གྱི་འདྲེ་གྲལ་ན་མེད་པའི་ཕུང་གསུམ་པའི་མི་བུ་ཞིག་ཡིན་ཞེས་བཤད་ན་ཆོག   རེད་དེ། གལ་གཟས་ནས་སུ་ལའང་ཕོག་ཐུག་བཏང་མྱོང་མེད་ལ། རང་ངོས་ནས་བཤད་ན་ཆ་ཡོད་མེད་ཀུན་ལ་གྲོགས་བསྒྲིག་རྒྱུར་ཤིན་ཏུ་ནས་དགའ་བོ་ཡོད། ཡིན་ནའང་། སྐབས་རེར།  ལྟ་བ་མཐུན་མི་མཐུན་གྱི་བར་ནས་འགལ་འདུ་རེ་བྱུང་བའང་ཡོད།  ཤེས་དགོས་པ་ཞིག་ལ་ལྟ་བ་མ་མཐུན་ཙམ་གྱིས་དགྲ་རུ་གྱུར་བ་མིན་ལ།  གྲུབ་མཐའ་མ་འདྲ་བ་ཙམ་གྱིས་ཞབས་འདྲེན་དུ་གྱུར་བ་དེ་བས་མིན།  ཡང་གཅིག་བཤད་ན། མཁས་པ་གང་གིས་དངོས་སུ་ལྗགས་ཁྲིད་དང་བཀླག་ལུང་གནང་མྱོང་མེད་ནའང་།  གང་གི་ཤེས་རབ་ལས་ཐོན་པའི་རིག་གནས་ཀྱི་གླེགས་བམ་རེ་རེས་ཁྱོད་ཀྱི་ཤེས་རིག་གི་འཇིག་རྟེན་རེ་རེ་མཐོང་དུ་བཅུག་ཡོད་ན། དེ་ནི་ཁྱོད་ཀྱི་སློབ་དཔོན་དུ་འབོད་ཆོག་ལ།  ཁྱོད་ནི་དེ་ཡི་སློབ་མར་འབོད་ཆོག
   ངས་ཀྱང་དེ་རིང་བསྙད་འདོད་པ་ཞིག་ནི།  གང་གི་གསུང་དྲིན་གྱིས་བསྐྱངས་བའི་ངའི་ཤེས་རབ་བྱ་རྒོད་འདྲ་བོའི་རང་རྩལ་རྒྱས་ཞིང་། དེ་སྔ་འཕུར་མྱོང་མེད་པའི་ཤེས་བྱའི་ནམ་མཁའ་ཞིག་འཕྲེད་ཀྱིས་བརྒལ་ནས། ཉིས་སྟོང་ཉི་ཤུ་ལོར་ཐོན་དུས་ཅི་ནས་ཀྱང་བསྐྱུད་པ་དཀའ་བའི་བྱེས་བཞུགས་མི་ཕོ་ཞིག་གི་འདས་མ་གསུམ་གྱི་ལོ་རྒྱུས་ཤིག་ཡིད་ལ་འཁོར་ཡོང་གི  དེ་ནི་མི་ཕོ་ཁོང་གི་སྐུ་ཚེ་གང་བོར་འགྲོ་བའི་དོན་དུ་ཕ་ཡུལ་གྱི་གཉེན་ཉེ་དག་རིང་དུ་དོར་ནས་ཆེས་ཐག་རིང་ཐག་རིང་ཞིག་ཏུ་གོམ་པ་གང་དོ་གང་དོ་རེ་བྱས་ནས་སྤྱི་ལེ་ཁྲི་ཕྲག་འགའ་ཐུགས་རེ་དང་ཞབས་ཐང་གིས་བརྒལ་ནས་རྒྱུས་མེད་ས་མཐའི་ཡུལ་ནས་ཁོང་དང་མཆེད་གྲོགས་སྐོར་ཞིག་གིས་ཡང་དར་བོན་བསྟན་གྱི་ཀ་བ་ཆེན་པོ་ཞིག་སླར་ཡང་གྱེན་དུ་བསྒྲེངས་སོང་བས། རྒྱལ་ཁབ་མི་འདྲ་བ་དང་།   གྲུབ་མཐའ་མི་འདྲ་བའི་མཁས་བླུན་ཀུན་ཀྱིས་གཡུང་དྲུང་བོན་ཟེར་བའི་གྲུབ་མཐའ་ཞིག་ལ་དོ་སྣང་ནས་དད་པ་སྐྱེ་རུ་བཅུགས་པ་མ་ཟད།   བོད་ཀྱི་ལོ་རྒྱུས་ཤེས་དགོས་ན།  དང་པོ་བོན་ཀྱི་ལོ་རྒྱུས་དང་བོན་ཀྱི་རིག་གཞུང་དག་ཁོང་དུ་ཆུད་དགོས་པའི་ལྟ་བ་ཞིག་ནན་གྱིས་གཞན་ལ་སྐྱེ་རུ་བཅུགས།  རྒྱུ་མཚན།  ཁོང་གིས་རང་ལྟ་ལ་མི་ཆགས་ཞིང་གཞན་ལྟ་ལ་མི་སྡང་བའི་ལྟ་བ་གཙོར་བཟུང་ནས་མཁས་པར་འཕྲད་དུས་གནས་ལུགས་དང་རིགས་པའི་རྒྱབ་རྟེན་གྱིས་ངོ་སྤྲོད་བྱས་ཤིང་། བླུན་པོར་འཕྲད་དུས་ཁ་གསལ་ཁོག་གསལ་གྱིས་གསལ་བཤད་བྱས་ནས།  གཞན་ལ་བཅོས་མིན་གྱི་དད་པ་ཞིག་རང་སྟེང་ནས་འཚོལ་དུ་བཅུགས་ཤིང་མཐར་ཡང་རང་སྟེང་ནས་རྙེད་དུ་བཅུགས་པས་སོ།།
   རང་དོན་སུས་ཀྱང་སྒྲུབ་ཤེས་མོད། སྒྲུབ་པ་གཞན་དོན་དུ་བྱས་པ་ཆེས་ཉུང་ཉུང་ཡིན།  རེད་དེ།  སྐྱེས་ཆེན་ཁོང་ལྟ་བུ་ལ་མཚོན་ནས་བསྙད་ན། སྐུ་ཡི་ལང་ཚོ་མི་ཡི་གཟུགས་སུ་འཁྲུངས་བ་ནས་རིམ་གྱིས་དཔེ་གཟིགས་དང་རིག་གཞུང་ཐོས་བསམ་ཁྲོད་ནས་སྐུ་ནར་སོན་ཞིང་ཁོང་གི་ཤེས་རབ་ལ་རྣམ་དཔྱོད་ཀྱི་སྒེར་ཚུགས་དོད་ནས་ནང་བསྟན་གྱི་རིག་གཞུང་གཙོས་རིག་གནས་གཞན་པ་དག་ཀྱང་གཅིག་གཅིག་གཉིས་གཉིས་བྱས་ནས་དཔྱིས་ཕྱིན་པ་སྦྱངས།  སྦྱངས་བའི་སྟོབས་ལས་རྒྱལ་ཁབ་མི་འདྲ་བའི་ས་གནས་སོ་སོ་ན། གཡུང་དྲུང་བོན་གྱི་དགོན་སྡེ་འགའ་ཕྱག་བཏབ་གནང་ཞིང་།  དགོན་སྡེ་དེ་རུ་བོན་འཆད་ཉན་གྱི་དབུ་བཙུགས་ནས་དར་པ་རྣམས་རྒྱས་པར་བྱས་ཤིང་དགུང་ལོ་གོ་ལྔར་ཕེབས་རག་དབར་དུ་ཁོང་གི་དུས་ཚོད་མང་ཆེ་བ་བསྟན་དང་འགྲོ་བའི་དོན་དུ་ཕུད་ཅིང་།  ཐུགས་གཤིས་ཀྱིས་བསྐྱངས་བའི་སློབ་བུ་དག་གིས་ཀྱང་རྒྱལ་ཕྱི་ནང་ཀུན་ཏུ་བསྟན་པའི་དར་ཆེན་བཙུགས་དང་འཛུགས་མུས་སུ་མཆིས་སོ།།
   མཐར་དམ་པ་ཁོང་གི་རླབས་ཆེ་བའི་བྱ་བཞག་ཆེ་མ་ཆུང་གསུམ་དག་སྐད་ཆ་འགའ་དང་དང་ཡིག་འབྲུ་རྡོག་པོ་འགས་ཡོད་ཚད་བརྗོད་ཀྱིས་མི་ལངས་ནའང་།  ཕྱོགས་གཅིག་ནས་བརྗོད་ན།  ཁོང་གི་སྐུ་ཚེ་གང་བོར་རང་དོན་གྱི་ཆེད་དུ་སྐུ་ངལ་བག་ཕེབས་ཞིག་ཀྱང་གསོ་མྱོང་མེད་ལ།   ས་གང་དུ་ཕེབས་ཀྱང་།  གནས་གང་དུ་བཞུགས་ཀྱང་།  འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལ་སྐུ་འཐམ་ཐུགས་འཐམ་བྱས་ནས།  ཐུགས་སྟོབས་བླ་མེད་དེས་གཞིས་བྱེས་ཀྱི་སློབ་བུ་ཁྲི་ཁྲི་འབུམ་འབུམ་གྱི་རྨོངས་པ་ཐ་དག་ཤེས་རབ་ཀྱི་ཀློང་དུ་ཐིམ་པར་བྱས་ལ།  ཁོང་གི་ཤེས་རབ་ལས་ཐོན་པའི་གསེར་ཞུན་ལྟ་བུའི་གསུང་རྩོམ་ཉི་ཤུ་ལྷག་འདིས་ཀྱང་བོད་མ་ཟད་འཛམ་གླིང་ལོ་རྒྱུས་སུ་གསུབ་མི་ཐུབ་པའི་རིག་གནས་ཀྱི་ཞབས་རྗེས་ཤིག་བཞག་ཡོད།  དེ་བས་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཐ་དག་བསྐལ་བ་འདི་མ་འཇིག་བར་དུ་གཟི་བརྗིད་ངང་དུས་རྟག་ཏུ་གཟིམ་པ་མེད་པར་ཤོག །།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།