སྐུ་ཚེ་བསྐལ་བརྒྱའི་མཆོད་སྤྲིན།

[ཟླ་ཚེས། 2020-01-27 08:06:16][རྩོམ་པ་པོ། མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བསྟན་པའི་སྙིང་པོ་ཐེག་ཆེན་གཡུང་དྲུང་བོན། །
འཛིན་སྐྱོང་སྤེལ་ལ་བླ་མེད་འཕྲིན་ལས་ཅན། །
རྣམ་མཁྱེན་དངོས་བྱོན་ཅི་བཞིན་སྐྱེས་ཆེན་མཆོག །
དག་པའི་མཚན་ལྡན་བླ་མར་གསོལ་བ་འདེབས། །
 
སྙིགས་དུས་འགག་འཕྲང་རིང་མོའི་བསྐལ་བའི་ཁུག །
ཐུགས་སྟོབས་ལེགས་དྲངས་གྱེར་བསྟན་འཛམ་གླིང་ཀུན། །
ཁྱབ་སྤེལ་མཛད་ལ་སྟོང་གསུམ་འདུལ་མཛད་བཞིན། །
དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །
 
མི་མཐུན་རྒུད་པའི་ཚོགས་རྣམས་ལེགས་གཞོམ་ཅིང་། །
མཐུན་རྐྱེན་རྨ་མེད་རིང་ལུགས་རྒྱལ་བའི་བསྟན། །
གང་འདུལ་ཐབས་ཀྱིས་འགྲོ་ལ་ཕན་བསྐྲུན་པའི། །
སྐྱེས་མཆོག་ཡོངས་འཛིན་སྨྲ་དབང་གསོལ་བ་འདེབས། །
 
ཁྱད་པར་རྒྱལ་བ་སྨན་རིའི་རིང་ལུགས་རྣམས། །
གདམས་པ་ཆིག་རྫོགས་བདག་ཏུ་བཞེས་པའི་གཉེན། །
རྒྱལ་བ་སྨན་རིའི་ཁྲི་འཛིན་ལྔ་ཡི་རིང་། །
སྐྱབས་གཅིག་ཡོངས་འཛིན་མཛད་པ་ཨེ་མ་རྨད། །
 
དཔལ་ལྡན་གསང་གསུམ་འཕྲིན་ལས་ཟད་མེད་རྣམས། །
བསྐལ་བ་བརྒྱ་ཕྲག་མ་སྟོང་བར་དུ་ནི། །
མི་འགྱུར་གསེར་གྱི་ཁྲི་འཕང་བརྟན་བཞུགས་ཏེ། །
བདག་ཅག་ཡོངས་ཀྱི་སྐྱབས་མགོན་བཞུགས་སུ་གསོལ། །
    ཞེས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་དོད་དུ་མདོ་སྨད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་མིང་འཛིན་པ་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་ནས་གུས་ཕྱག་དང་བཅས་ཏེ་ཕུལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།