༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བརྟན་བཞུགས་གསོལ་འདེབས།

[ཟླ་ཚེས། 2020-01-27 07:44:37][རྩོམ་པ་པོ། མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཨེ་མ་ཧོ།
གྱེར་སྤུངས་རིག་འཛིན་གོང་མའི་ལུང་བསྟན་བཞིན། །
བོད་ཡུལ་མཐའ་ནས་བོན་གྱི་བསྭོ་སྒྲ་ཡིས། །
འཛམ་གླིང་ཞིང་ཀུན་གཤེན་གྱི་དབུ་འཕངས་བསྟོད། །
སྨྲ་དབང་བླ་མ་རྗེ་ལ་གསོལ་བ་འདེབས། །

ཁྱེད་ཀྱི་གསང་གསུམ་གསེར་གྱི་ལྷུན་པོའི་གཞིེར། །
མི་མཐུན་འབྱུང་བཞིས་གཡོ་འཁྲུགས་ཉེར་ཞི་ཞིང་། །
བདག་སོགས་འགྲོ་བའི་བསོད་ནམས་སྐལ་པ་རུ། །
ཡུན་དུ་བཞུགས་པར་ལྷ་ཡིས་སྡོང་གྲོགས་མཛོད། །
   ཅེས་བོད་གངས་ཅན་པ་སྤྱི་དང་ཁྱད་པར་དུ་རང་ཅག་བོན་འབངས་ཡོངས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྨྲ་སེང་མི་གཟུགས་སུ་སྤྲུལ་པའི་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་སྨྲ་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོ་དོན་ཁོ་ནར་མཛད་དེ་ད་ལམ་དགུང་གྲངས་དགུ་བཅུ་གོ་ལྔ་ཕེབས་པའི་དུས་བཟང་དང་བསྟུན་ཏེ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་བཀའ་དྲིན་རྗེས་སུ་དྲན་བཞིན་སླར་ཡང་བསྟན་འགྲོའི་དཔལ་དུ་བསྐལ་བརྒྱར་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་པོ་ནི། སྙིགས་དུས་བསྟན་པའི་གསལ་བྱེད་དམ་པ་༧སྐྱབས་མགོན་ཟླ་བ་རྒྱལ་མཚན་ནས་བཟུང་གདན་ས་འོག་མའི་མཁན་ཆེན་རིམ་བྱོན་གྱི་གསེར་ཁྲི་འཛིན་པའི་མིང་ཁུལ་ཁོ་བོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་དུ་འབོད་པས་གཡུང་གླིང་བླ་བྲང་ནས་མོས་གུས་ཚད་མེད་པའི་སྒོ་ནས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་མུ་ཙུག་སྨར་རོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།