སེམས་ཀྱི་ཉི་མ་གཞོན་ནུ་ཁྱེད་བསྐལ་པ་བརྒྱ་རུ་བཞུགས་སུ་གསོལ།

[ཟླ་ཚེས། 2020-01-20 14:37:27][རྩོམ་པ་པོ། རྔུལ་རྫ་ཟལ་མོའི་ཆུ་གཏེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


 མ་རུང་འབྱུང་པོ་ཡི་གཡོ་ལྡང་། །
ལྔ་སྙིགས་མུན་པ་ཡི་བསྐལ་ཁུག །
དུས་འགྱུར་རླུང་ནག་གི་འཚུབ་ཁས། །
བསིལ་ལྗོངས་གཡང་ཁྱིམ་ལ་འཚེ་བས། །

སྐྱེ་དགུའི་བདེ་སྐྱིད་ཀྱི་དྲོད་ཁོལ། །
རྒྱལ་བསྟན་ཚེ་སྲོག་གི་འཕར་རྩ། །
 ངམ་ནག་མཚོན་ཆ་ཡིས་གཏུབ་པའི། །
རྒྱུ་རྐྱེན་རྟེན་འབྲེལ་རྣམས་ཚང་སྟེ། །

དཀར་ཕྱོགས་དབུ་ཐོག་གི་རྨོག་ཞུ། །
བླ་ནས་ས་རུ་ལ་ཟག་ཤིང་། །
 འགྲོ་བའི་བསོད་ནམས་ཀྱི་ཉི་ཟླ། །
ཉེར་དགུའི་སྨག་ནག་ལ་བརྫངས་སྐབས། །

རབ་འབྱམས་རྒྱལ་བ་དང་རྒྱ་མཚོའི། །
མཁྱེན་བརྩེ་ནུས་གསུམ་གྱི་དཔལ་ཡོན། །
གོང་བུ་གཅིག་གྱུར་ལ་སྒྲིལ་ཏེ། །
འཇིག་རྟེན་མགོན་པོ་རུ་ཕེབས་པ། །


        རྒྱལ་བ་སྨན་རི་བའི་རིང་ལུགས། །
       གཡའ་བྲལ་གསེར་ཐག་ནི་དགུ་མདུད། །
      ལྷོད་མེད་དམ་པོ་རུ་འཆང་མཁན། །
       ཡོངས་འཛིན་སྨྲ་སེང་གི་དབང་པོ། །

       མཁན་རབས་ལྔའི་རིང་གི་ཡོངས་འཛིན། །
       སྐུ་ཕྱྭ་གཡུང་དྲུང་གི་ཁམས་སུ། །
       འཆི་མེད་ཚེ་ལྷ་ཡིས་བསྲུངས་ཤིང་། །
       སྲིད་ཞིའི་གཙུག་ཏོར་དུ་མཛེས་པ། །

        གསང་གསུམ་གསེར་ནག་གི་འཁོར་ལོ། །
       ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ལ། །
       ཡང་ནས་ཡང་དུ་ལ་བསྐོར་བས། །
       འགྲོ་བློ་གྱེན་ཕྱོགས་སུ་བསྒྱུར་མོད། །

        བགྲངས་བྱ་གོ་ལྔ་ཡི་རིང་ལ། །
        ཉིན་མཚན་ཁོར་མོ་ཡུག་དུས་ཚོད། །
       ཡོད་ཚད་བསྟན་འགྲོའི་དོན་ཁོ་ནར། །
       རྒྱལ་བ་སྨན་རི་བའི་ཡོངས་འཛིན། །

      ཁྱེད་སྐུ་འཇིག་རྟེན་གྱི་ཞིང་འདིར། །
      ཇི་ཙམ་གནས་པ་ཡི་ཡུན་དེར།  །
      མཁའ་མཉམ་འགྲོ་བ་ཡི་ཕན་བདེ། །
      རྫོགས་ལྡན་དཔལ་ཡོན་དེ་འབར་བ། །

      ངེད་ཅག་བསྐལ་མང་གི་རིང་དུ། །
      བསཌ་པའི་བསོད་ནམས་ཀྱིས་སྟོབས་ལས། །
      ཉིད་ཀྱིས་གདུལ་བྱ་རུ་གྱུར་འདི།  །
     དད་དམ་འགྱུར་མེད་ཞིག་ལོས་ཡིན།  །


       མཐོང་བ་དོན་ལྡན་ཀྱི་གཟུགས་སྐུ། །
       མཚན་དཔེའི་དཔལ་འབར་གྱི་གཟི་འོད། །
       ས་ཆེན་གོ་ལའི་སྟེང་འགྱིང་བས། །
       བདུད་བཞིའི་གཡུལ་ངོ་དེ་བཟློག་པ། །

       དྲུག་བཅུའི་ཚངས་དབྱངས་ཀྱི་རང་སྒྲ། །
       ཟབ་གསང་ལེགས་བཤད་ཀྱི་གདམས་པ། །
      སྣང་སྲིད་འཇིག་རྟེན་འདིར་བསྒྲགས་པས། །
      འགྲོ་བའི་ཤེས་རྒྱུད་དེ་དཀྲོལ་བ། །

      ཀུན་གསལ་དོན་རྟོགས་ཀྱི་ཐུགས་ཉིད། །
      མཁྱེན་བརྩེ་ནུས་པ་ཡི་ཕུང་པོ།  །
      གནས་རིགས་དྲུག་པོ་ལ་གཟིགས་པས། །
      འཁོར་བའི་རྒྱ་མཚོ་དེ་སྐེམ་པ།  །

      དེ་རིང་སྐལ་བཟང་གི་དུས་ཚིགས། །
      ལྷ་མིའི་བསོད་ནམས་ཀྱི་ཞིང་ལ། །
      མཆོད་པའི་སྤྲིན་ཚོགས་ཤིག་བཤམས་ཏེ། །
      བརྟན་བཞུགས་མན་ཌལ་འདི་འབུལ་ལོ། །

    འདིའི་མཐུས་རྣམ་དཀར་གྱི་དགེ་ཚོགས། །
    གང་སྐུ་བསྐལ་པ་བརྒྱར་བཞུགས་ཤིང་། །
    རྒྱལ་བསྟན་དར་རྒྱས་སུ་གནས་ལ། །
     འགྲོ་ཀུན་རྫོགས་བྱང་སར་འཁོད་ཤོག །   
 གསང་གསུམ་བོན་གྱི་མཛོད་འཛིན་༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བསྟན་འགྲོའི་དོན་ཆེན་ཁུར་དུ་བཞེས་ཏེ་བགྲང་བྱ་དགུ་བཅུ་གོ་ལྔ་རུ་ཕེབས་པའི་དུས་ཚིགས་སུ་བོན་འབང་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བཀའ་དྲིན་ལེགས་མཚོན་དུ་མགོན་པོ་གང་ཉིད་བརྟན་བཞུགས་མན་ཌལ་འདེགས་འབུལ་སྐལ་བཟང་གི་དུས་ཚིགས་འདིར་དཔལ་ལྡན་སྨན་རི་བའི་དགེ་མིང་ཙམ་འཛིན་པའི་རྔུལ་རྫ་ཟལ་མོའི་ཆུ་གཏེར་པས་དབུས་གྱུར་ལྷ་ལྡན་ཉི་མའི་གྲོང་ནས་སྒོ་གསུམ་གུས་པ་ཆེན་པོས་བཏེགས་པའོ། །ཐ་ཚན་མུ་ཙུག་སྨར་རོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།