༧གོ་ལྔའི་དུས་སྟོན་བསྟན་འགྲོའི་དཔལ་དུ་བཞད།

[ཟླ་ཚེས། 2020-01-20 14:01:22][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བསྐལ་མང་གོང་ནས་རྣམ་དཀར་སོན་གྲུང་པོ།།
དུས་འདིར་སྨིན་པ་བསྟན་པའི་མེ་རོ་ཉིད།།
སྤར་ལ་སྲས་བཅས་རྒྱལ་རྣམས་བགྲོས་པ་བཞིན།།
སློབ་དཔོན་ཡོངས་འཛིན་ཆེན་མོ་ཁྲི་ལོར་ཤོག།

སྙིགས་རྒུད་དུས་ཀྱི་གཡོ་འཁྲུག་ཟང་ཟིང་དུ།།
བརྟན་བརྗིད་གཟི་འབར་གང་སྐུ་རི་རྒྱལ་ལྷུན།།
མི་ཤིགས་གོ་ལྔའི་ཁྲི་ལ་རྟག་བརྟན་ཅིང་།།
མཛད་འཕྲིན་མཁའ་མཐར་ཁྱབ་པའི་སྐལ་པ་བཟང་།།

དེ་ལྟའི་ངོ་མཚར་བྱེ་བས་བརྗིད་དང་ལྷན།།
ད་དུང་གསང་གསུམ་མི་འགྱུར་བསྐལ་པའི་བར།།
ཡུན་དུ་འཚོ་བའི་བརྟན་བཞུགས་མཛད་ཆེན་སྒོ།།
དངོས་སུ་ཕྱེས་པའི་དགའ་བ་མཚོན་སླད་དུ།།

ཉམས་འགྱུར་ཚིག་གི་སྡེབ་སྦྱོར་མི་ཐོན་ཅིང་།།
ཟབ་མོའི་བརྗོད་དོན་སྨྲ་ལ་ལྕེ་རྟུལ་ཡང་།།
སྒོ་གསུམ་དད་པའི་རྒྱ་མཚོ་འཁྱོམས་པ་ལས།།
རྟོགས་བརྗོད་མུ་ཏིག་ལྦུ་དཀར་འཐོར་ལ་བྲེལ།།

གངས་ལྗོངས་ཤར་ཕྱོགས་ཁྱུང་ཡུལ་དགའ་བའི་སར།།
རིགས་བཟང་ཐབས་ཤེས་ཟུང་གི་རྟེན་འབྱུང་ལས།།
སྨྲ་བའི་སེང་གེ་མི་ཡི་ཤ་ཚུགས་ཅན།།
སྐུ་མཆོག་ཨུ་དུམ་ཝ་རའི་མེ་ཏོག་བཞད།།

ཆུང་ངུའི་དུས་ནས་ཡང་སྤྲུལ་རིགས་མཐོ་ཡིས།།
དྲེགས་པ་མ་ཡིན་གང་ཟག་ཕལ་པའི་ལམ།།
དཀའ་ཚེགས་སྟོང་ཕྲག་བཟོད་པའི་གོ་བགོས་ཏེ།།
བསླབ་པ་མས་རིམ་ཤེས་བྱའི་གཞི་མ་བརྟན།།

སྐུ་ནར་སོན་ཚེ་གདན་ས་སྨན་རི་སོགས།།
ཡོངས་འཛིན་མཁས་དབང་དུ་མའི་ཐུགས་ཀྱི་བཅུད།།
ལུང་རྟོགས་ཡིད་བཞིན་ནོར་བུ་འོད་པོ་ཆེ།།
གང་ཐུགས་རིན་ཆེན་སྣོད་བཟང་ཁེངས་པར་བླངས།།

ཟློག་མེད་དུས་འགྱུར་རླུང་འཚུབ་དྲག་པོའི་ཁྲོད།།
དམར་བའི་ཚེ་སྲོག་འབེན་ལ་བཞག་མཛད་དེ།།
གདན་སའི་རྟེན་གསུམ་རྒྱུད་ཀྱི་བསླབ་པ་བཅས།།
མ་ཉམས་མ་བརླགས་བཙའ་སྐྱོང་ལེགས་པར་མཛད།།

རྒྱུས་མེད་གྲོགས་མེད་ཕྱི་གླིང་ཡུལ་གྲུ་དེར།།
བཟོད་པའི་གོ་དང་ཐུགས་སྟོབས་བཙན་པོ་ཡིས།།
རྟེན་མེད་རང་རིགས་ཉམ་ཐག་ཡུལ་གྱར་ཚོ།།
བོན་གཞིས་ཐོབ་རྒྱལ་མཚན་གྱི་གནས་གཞི་བསྐྲུན།།

དམུ་རིགས་རྒྱལ་བའི་ལུང་རྟོགས་ཉི་ཟླའི་འོད།།
མི་ཉམས་འགྲོ་བའི་བདེ་རྩར་སྨིན་པའི་སླད།།
གདན་ས་སྨན་དགོན་གསར་པའི་རྟེན་བརྟེན་པ།།
དཀའ་དགུ་དཀོན་བཅུའི་ཐབས་མཁས་ཟབ་མོས་བསྐྲུན།།

ཆུང་བ་བརྡ་དག་བསྡུས་རྟགས་བློ་གསུམ་ནས།།
ཆེ་བ་མདོ་སྔགས་རྫོགས་གསུམ་མན་ཆད་ཀྱི།།
འཆད་རྩོད་རྩོམ་སྒྲུབ་འཁོར་ལོ་རྣམ་པ་བཞིས།།
རིས་མེད་སྐལ་ལྡན་སྨིན་གྲོལ་ལམ་ལ་བཀོད།།

ཡང་ཁྱད་དགོངས་གཞི་དགོས་པ་རྒྱ་ཆེ་བར།།
གཟིགས་ཏེ་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི།།
རྟེན་དང་བརྟེན་པ་བཤད་སྒྲུབ་སློབ་གཉེར་བཅས།།
མ་འོངས་བསྟན་འགྲོའི་བཙས་སུ་ལྷམ་མེར་བསྐྱེད།།

སྐུ་ཡི་དགུང་ན་མཐོན་པོར་ཕེབས་པ་དང་།།
ཐུགས་རྒྱུད་ཡོན་ཏན་འབུམ་གྱིས་ཕྱུག་ན་ཡང་།།
དཔེ་གཟིགས་དཔྱད་ཞིབ་ཉིན་གཅིག་ལྷོད་མིན་ཅིང་།།
ཡེ་རིག་གཡོ་མེད་ཉམས་སུ་བཞེས་ལའང་རངས།།

མདོར་ན་མགོན་པོ་གང་གི་ལེགས་ཡོན་ཀུན།།
ངག་ལ་སྨྲ་བའི་སེང་གེ་མངོན་ཞུགས་ཀྱང་།།
བརྗོད་པར་དཀའ་ན་བྱིས་བློས་གཞལ་འདོད་པ།།
གནམ་མཐའ་འདོམ་གྱིས་གཞལ་དང་ཅིས་མི་མཚུངས།།

འོན་ཏེ་དམན་བདག་སྔོན་བསགས་ཕྲ་བའི་དབང་།།
གསེར་ཞལ་ཡུན་དུ་བསྟེན་པའི་སྐལ་དབེན་ཀྱང་།།
ངོ་མཚར་གསང་གསུམ་མཛད་པའི་ཆ་ཤས་ཙམ།།
དད་འདུན་མོས་པའི་སྙིང་ལ་སིམ་པའི་ཁར།།

ཁྱད་པར་གདན་ས་ཁྲི་བརྟན་ནོར་བུ་རྩེའི།།
བཤད་སྒྲུབ་དབུ་བརྙེས་བགྲང་བྱ་ཉེར་ལྔ་དང་།།
ལྷན་ཅིག་གོ་ལྔའི་དུས་སྟོན་འཛོམས་པ་ཟུང་།།
རྟེན་འབྲེལ་མཚོན་སླད་ཙམ་དུ་འདི་ཀོ་ཕུལ།།

མ་འོངས་ཇི་སྲིད་འཁོར་མཚོ་མ་སྟོངས་བར།།
དམ་པའི་གསང་གསུམ་དེ་ཡང་དེ་བཞིན་དུ།།
མི་འགྱུར་གཡུང་དྲུང་གཏམས་པའི་ཁྲིར་བརྟན་ནས།།
རླབས་ཆེན་འགྲོ་དོན་རྒྱ་ལག་ཕྱད་པར་ཤོག།
      ཅེས་པ་འདི་ཡང་༧དཔལ་ལྡན་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག    སྐུ་སྐྱེ་བ་མི་རུ་བཞེས་ནས་བགྲང་བྱ་དགུ་བཅུ་གོ་ལྔར་ཕེབས་པའི་སྐལ་བཟང་དགེ་བའི་དུས་སྟོན་གྱི་རྟེན་འབྲེལ་མཚོན་སླད་ཙམ་དུ།  དམ་པ་གང་གི་གདན་སའི་གྲལ་མཐར་འཁོད་ཅིང་བྱིན་རླབས་ཆ་ཙམ་ཐོབ་པ་སྤ་ཟླ་བསྟན་རྣམ་དུ་འབོད་པ་དེས།  མ་ཧ་ཙི་ནའི་གྲོང་ཁྱེར་ཆེན་པོ་སྤོས་ངད་ལྡན་པ་ནས་སངས་རྒྱས་གཤེན་རབ་མི་བོའིི་བཀའ་རིན་པོ་ཆེ་ལ་ཞུ་སྒྲིག་གི་སྲི་ཞུ་འབུལ་བའི་ལས་ཀའི་བར་གསེང་དུ་ཕུལ་བས་དེ་བཞིན་དཔལ་ལྡན་བླ་མའི་ཞབས་པད་བརྟན་ཅིང་། ཐུགས་ཀྱི་དགོངས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་རྒྱུ་རུ་འགྱུར་བར་ཤོག་ཅིག    སརྦ་མངྒ་ལམ། ༢༠༢༠:༡:༢༠
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།