རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་གནང་བའི་རྗེས་དྲན།

[ཟླ་ཚེས། 2019-02-18 20:38:27][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1550493577815151.jpg
རྗེས་དྲན་དད་པའི་རང་མདངས།


ཀ་གདུང་ལྟ་བུའི་ནུས་པ་ཆེར་ཐོན་པའི།།

ཁ་བའི་ལྗོངས་ཀྱི་སྐྱེས་ཆེན་དུ་མའི་ཁྲོད།།

ག་ན་བཞུགས་ཀྱང་བསྟན་འགྲོར་རབ་བརྩེ་བ།།

ང་ཡི་མཁན་ཆེན་ཤེས་རབ་མཐར་ཕྱིན་མཆོག

 

ཅ་དག་འདུལ་བའི་བཅས་མཚམས་མཆོག་ཏུ་གཙང་།།

ཆ་འགྲིག་རིམ་གཉིས་ཟབ་མོའི་དགོངས་རྟོགས་བརླིང་།།

ཇ་ཐུན་རེ་བཞིན་རྫོགས་ཆེན་གནས་ལུགས་བསྐྱངས།།

ཉ་ཟླའི་དཔལ་འབར་ཁྱེད་སྐུ་གཤེགས་པ་ཕངས།།

 

ཏ་ལེ་འདབ་བཞིན་སེམས་བསྐྱེད་བློ་སྟོབས་ཡངས།།

ཐ་ཚིག་མ་ལྷོད་ངེས་འབྱུང་རྩ་བ་བརྟན།།

ད་དུང་རྟག་ཆད་ལས་འདས་ལྟ་སྒོམ་ཅན།།

ན་ཡོལ་དྲང་སྲོང་ཆེན་པོ་བཞུད་པས་སྐྱོ།།

 

པ་སངས་མདངས་ལྟར་བསྡུ་དངོས་རྣམ་བཞིས་བརྒྱན།།

ཕ་རོལ་ཕྱིན་དྲུག་ལམ་གྱི་གཞུང་ཤིང་བརྗིད།།

བ་སྤུའི་གྲངས་འཛིན་ཚོགས་གཉིས་རིན་ཆེན་བསྡུད།།

མ་སྨད་འགྲོ་བའི་བཤེས་གཉེན་གང་དུ་ཕེབས།།

 

ཙ་རི་གནས་ཆེན་ཁག་ལ་ཉམས་རྟོགས་སྤར།།

ཚ་གྲང་ཁྱད་བསད་སྒོམ་སྒྲུབ་རྒྱལ་མཚན་བཙུགས།།

ཛ་ཡའི་བསྟན་པ་འཆད་ཉན་རླབས་ཀྱིས་བསྐྱངས།།

ཝ་ལེར་བསམ་ན་བཀའ་དྲིན་གཞལ་མཐའ་བྲལ།།

 

ཞ་འཐེང་སྐྱོན་བྲལ་ས་བཅུའི་བང་རིམ་བརྒལ།།

ཟ་ཟིར་མ་ཡིན་ལམ་ལྔ་མངོན་དུ་མཛད།།

འ་འུར་བྲལ་བའི་སྐུ་གསུམ་དགོངས་པ་བརྙེས།།

ཡ་མཚན་བླ་མ་སྲིད་ཞིའི་ཏོག་ཏུ་མཆོད།།

 

ར་བ་གངས་རིའི་མི་མཆོག་རེ་རེའི་བཞིན།།

ལ་ལུང་གང་ནས་རིམ་བཞིན་ཕེབས་པ་འདིས།།

ཤ་ལུ་ཁྲག་དར་གཞོན་སྐྱེས་ཡོད་སྲིད་ཚེ།།

ས་ལྟར་བརྗིད་པའི་སྤྱི་འགན་ཡོད་རབས་སྟོན།།

 

ཧ་ཅང་ཐག་རིང་རྒྱ་མཚོའི་འགྲམ་རྒྱུད་ནས།།

ཧ་ལས་གཏམ་གྱིས་ཡིད་སེམས་གདུང་དང་ལྷན།།

ཨ་ཆད་འུ་ཐུག་ངག་གི་རྗེས་དྲན་གཏམ།།

ཨ་མདོ་རྩེ་ཞིག་གདུང་གི་ཟླ་བས་ཕུལ།།

 

                ༢༠༡༩ / / ༡༨ / ཉིན་ལ།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།