མཛད་འཕྲིན་གླིང་བཞིར་ཁྱབ་པའི་སྐྱ་རེངས་གསར་བ།

[ཟླ་ཚེས། 2018-09-23 00:40:53][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_4569.JPG
རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས་ལོ་འཁོར་ཧྲིལ་བོ་བརྒྱ་ཐམ་པ་ལོན་པའི་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོའི་སྟེང
་གནང་བའི་གསུང་བཤད།

བཀུར་བར་འོས་པའི་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ། ཆོས་རྒྱུད་གྲུབ་མཐའ་སོ་སོའི་འཐུས་ཚབ་སྐྱེས་ཆེན་རྣམ་པ།  ཤེས་ཡོན་ཅན་རྣམ་པ། ལས་འཕྲོ་དང་དད་པས་འདུས་པའི་མང་ཚོགས་རྣམ་པ།

ངས་འདི་ནས་ཚོགས་འདུའི་བཀོད་སྒྲིག་ལྟར། མི་བུ་ཆུང་ཡང་རིགས་ཀྱི་སྲས་ཞེས་པ་ནང་བཞིན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས། ལོ་འཁོར་ཧྲིལ་བོ་བརྒྱ་ཐམ་པ་ལོན་པའི་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་སྤེལ་བ་ལ། ལྷག་བསམ་རྣམ་པར་དག་པའི་ལེགས་གསོལ་རྟེན་འབྲེལ་ཞུ་རྒྱུ་ཡིན།

གོ་སྐབས་འདི་དང་བསྟུན་ཏེ་གླེང་འདོད་པ་ཞིག་ལ། ཀུན་བཟང་མཉམ་པའི་རྒྱུད་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐུགས་རྗེའི་འོད་དང་ཐེག་པའི་མཐའ། །འཁོར་བ་མ་སྟོང་བར་དུ་སྟོན། །ཇི་སྲིད་འདུ་ཤེས་མེད་པ་ན། །ཐེག་པ་མེད་ཅིང་སྟོན་པ་མེད། །ཅེས་བསྟན་ཡོད་པ་ལྟར། སྤྱིར་འཛམ་བུའི་གླིང་ཆེན་འདི་ལ་མཚོན་ན། རིགས་རྒྱུད་དང་ཁ་དོག་མི་མཚུངས་པའི་མི་རིགས་མི་འདྲ་བ་དང་། བསམ་གཞིག་གི་འདུ་ཤེས་འཛིན་སྟངས་ཀྱི་སེམས་ཁམས་སོ་སོ་ཡིན་པའི་རིག་གནས་མི་འདྲ་བ། ལྟ་སྤྱོད་ཀྱི་ལམ་ལུགས་དང་དགེ་སྡིག་གི་རིན་ཐང་ངོས་འཛིན་བྱ་སྟངས་མི་འདྲ་བའི་ཆོས་ལུགས་མི་འདྲ་བ་སོགས། མདོར་ན་མི་རིགས་དང་། རིག་གནས། ཆོས་ལུགས་མི་འདྲ་བ་སྣ་ཚོགས་རྟ་མོག་གི་སྤུ་ལྟར་མང་དུ་ཡོད་པའི་ནང་ནས། ཤ་རུས་གདུང་རྒྱུད་གཅིག་གིས་བསྡུས་པའི་བོད་མི་རིགས་ནི། མི་གྲངས་ཉུང་ཡང་གཙུག་ལག་རིག་གཞུང་དར་བའི་ལོ་རྒྱུས་ཀྱི་རྒྱུན་ཐག་ཤིན་ཏུ་རིང་བ་ཞིག་དང་། སྡུག་བསྔལ་མི་འདོད་ཅིང་བདེ་བ་དོན་དུ་གཉེར་བའི་གང་ཟག་གི་རྒྱུད་ལ། སྤངས་རྟོགས་ཀྱི་ཡོན་ཏན་བཟང་པོ་ཤུགས་འབྱུང་གི་ངང་ནས་ས་བོན་ཐེབས་པ་དང་། དམ་པའི་ལྷ་ཆོས་ཀྱི་དཔལ་ཡོན་ལ། མི་རིགས་གཞན་གྱིས་འགྲམ་ཆུ་ལྡང་བའི་སྣང་ཚོད་དུ་ཤར་འདུག་པས་ན།  འཇིག་རྟེན་གྱི་གཏམ་ལ་ཡང་། གནམ་གྱི་འོག ས་ཡི་སྟེང་། ཆུ་ཆེན་སྟོང་གི་འགོ་ཁུངས། རི་ཆེན་སྟོང་གི་ཕ་ཡུལ། པུར་རྒྱལ་བོད་ཀྱི་རྒྱལ་ཁམས། བསོད་ནམས་དགེ་བའི་ཡུལ་གྲུ་ཞེས་སྙན་པའི་གྲགས་པ་ཕྱོགས་མེད་དུ་འབར་བ་དེ་འདྲ་ལོ་རྒྱུས་སྟེང་བྱུང་ཞིང་། བོད་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་དང་ཤེས་རབ་ལྡན་པའི་མི་རིགས་ཤིག་ཡིན་པ་ནི། གསེར་གྱི་རྒྱན་ཆ་ལ་གཡུ་བྱུར་གྱི་ཕྲ་སྡོང་བཏབ་པ་ལྟར་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ཏུ་བཀོད་ཡོད། དེར་མ་ཟད་ལོ་རྒྱུས་སྟེང་། གཞན་གྱིས་བྱས་པ་ལ་སྙིང་དབུས་ནས་དྲིན་ལ་དྲིན་ལན་དུ་ཤེས་སུ་འཇུག་པར་བརྩོན་པ་དང་། དམ་པ་གོང་མའི་ཕྱག་རྒྱུན་གྱི་རྣམ་ཐར་ལ། རྗེས་སུ་སློབ་ལ་མོས་པའི་ཡར་ཐོན་གཙིགས་འཛིན་ཅན་གྱི་མི་རིགས་རླབས་ཆེན་ཞིག་ཏུ། གསེར་ཞུན་ལྟ་བུའི་གཞུང་ལུགས་ཀྱིས་བསྐྱངས་དང་སྐྱོང་བཞིན་ཡོད་པ་མང་དུ་བཤད་ཅི་དགོས།

འཛམ་གླིང་སྟེང་འོད་སྟོང་འཕྲོ་ཞིང་ཐུན་མོང་མ་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་ཤེས་རིག་དང་། མིའི་རིགས་ཀྱི་གཙུག་ལག་རིག་གནས་གསོག་འཇོག་གི་ཐད་ནས་གླེང་བ་ཡིན་ནའང་། རིག་དངོས་སྒྱུ་རྩལ་དང་། རྣམ་ཐར་ལོ་རྒྱུས། ཡིག་རིགས་དམངས་སྲོལ། ཆོ་ག་ཕྱག་ལེན། རྩོམ་ཡིག་བརྩམས་ཆོས། པར་བསྐྲུན་འབྲི་བཞེངས་སོགས་དང་།  ལྷག་དོན་བཀའ་དང་བཀའ་བརྟེན་གྱི་ངོ་བོ་སྟོན་པར་བྱེད་པའི། རྩ་ཆེའི་གླེགས་བམ་རི་བོའི་གཏོས་དང་མཉམ་པའི་གྲུབ་འབྲས་གཡུར་དུ་ཟ་བ་འདི་འདྲ། འཇིག་རྟེན་ཐོག་གསོག་འཇོག་ཉར་ཚགས་གནང་མཁན་ནི། བོད་མི་རིགས་ལས་གཞན་པའི་གྲངས་ཉུང་མི་རིགས་ཤིག་གི་ཁྲོད་ན། ཕལ་ཆེར་དཔེ་མི་སྲིད་པ་ལྟ་བུར་ཆགས་ཡོད་ཅིང་། རླབས་ཆེན་གྱི་ལག་རྗེས་དེ་དག་ནི། ང་ཚོ་བོད་ཕྱི་རབས་པ་ཡོངས་ཀྱི་སེམས་ཁམས་སུ། ལ་རྒྱ་ཡི་གཟི་བརྗིད་ཞིག་དང་སྤོབས་སེམས་ཀྱི་ཉམས་སྣང་རབ་ཏུ་འཕེལ་བའི། ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུར་བཞེངས་ཡོད་པའང་དོན་ལ་གནས་པ་ཞིག་རེད།

   དེ་འདྲའི་ལོ་རྒྱུས་ཀྱི་དགེ་མཚན་སྟོང་ལས་བབས་པའི་ཆུ་ཀླུང་རིང་མོའི་བཞུར་རྒྱུན་ཁྲོད་ན། བོད་ཀྱི་ཆོས་དང་རིག་གཞུང་འཕེལ་རྒྱས་ལ། སྔ་ན་མེད་པའི་ལྟས་བཟང་འབུམ་གྱིས་ཀུན་ནས་བརྗིད་པར་གྱུར་ཞིང་། དེ་བཞིན་བསྟན་པ་ཕྱི་དར་གྱི་སྐབས་སུ་ཡིན་ཡང་། བོད་རང་གི་ཕ་མེས་ཡང་མེས་ཀྱི་ཆོས་བརྒྱུད་རྩ་ཆེན། གཡུང་དྲུང་བོན་གྱི་བསྟན་པའི་རིང་ལུགས་འདི་ལ། གཤེན་གྱེར་རྨ་དབྱིལ་དང་། བྲུ་ཞུ་སྤ་རྨེའུ། གྲྭ་ས་གོང་འོག་བར་གསུམ་སོགས་རིམ་གྱིས་བྱུང་ནས། བསྟན་པ་དར་ཞིང་རྒྱས་པར་མཛད་པའི་ལོ་རྒྱུས་བརྗོད་ཀྱིས་མི་ལང་ན་ཡང་། གངས་ཅན་མདོ་ཁམས་སྨད་ཀྱི་ཆར་གཏོགས། ནོར་འཛིན་ས་ཡི་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་ཤིང་། རྔ་ལྗོངས་གཡང་ལྡན་ཕྱུག་མོའི་མཚན་སྙན་གྱིས་མངོན་པར་བརྗིད་པའི་གནས་མཆོག་འདི་ལ་མཚོན་ན། ཇི་སྐད་དུ། གདུང་རབས་གསོལ་འདེབས་ལས། བསྐལ་སྟོང་སངས་རྒྱས་ཀུན་འདུས་ངོ་བོ་ཉིད། །བསྟན་པའི་དཔལ་གྱུར་ཞུ་སྒོམ་འཁྲུལ་ཞིག་ལ། །སྨིན་གྲོལ་བརྒྱུད་འཛིན་ཞིག་པོ་བཅོ་བརྒྱད་བྱུང་། །འགྲོ་དོན་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། ཞེས་དང་། དྲན་པའི་ཞལ་བྱང་ཟང་གཏེར་ཆེན་མོ་ལས། སྣང་བ་དབང་དུ་འདུས་པ་ཡི། །སྣང་ཞིག་ཐོགས་མེད་བྱ་བ་འབྱུང་། །ཞེས་གསུངས་པ་ལྟར་མདོ་ཁམས་ཞིག་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ། མདོ་སྨད་འཕགས་པ་རྣམ་གསུམ་གྱི་ནང་ཚན། བླ་མ་སྣང་ཞིག་ཆེན་པོའི་གདན་ས་རྨད་དུ་བྱུང་བ། བྱིན་རླབས་ཀྱི་ཚན་ཁ་མཐོ་བའི་གནས་མཆོག་འདི་རུ།  ཆེས་ངོ་མཚར་བའི་རླབས་ཆེན་གྱི་བྱ་བཞག་གཅིག་སྟེ། འདི་ནས་ཡར་བརྩིས་པའི་ལོ་ངོ་བརྒྱ་ཕྲག་གཅིག་གི་གོང་ནས། སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་པ་དེས། བོད་བརྒྱུད་ནང་བསྟན་སྤྱི་དང་། ལྷག་དོན་བོན་བསྟན་ཕྱི་དར་གྱི་ལོ་རྒྱུས་སྟེང་། མདོ་ཁམས་སྨད་དུ་བཤད་སྒྲུབ་བསྟན་པའི་འོད་ཆེན། སྔར་ལས་ཆེས་ཆེར་བདལ་བས་བསྐལ་པ་བཟང་པོ་མ་སྒྲིག་རང་འགྲིག་ཏུ་སོང་བར་བྱས་ཡོད་ལ།  མཛད་བཟང་འདི་ནི་བོད་མེས་པོའི་རིག་གཞུང་རྒྱུན་འཛིན་དང་། དར་རྒྱས་སུ་གཏོང་དགོས་པའི་འགན་འཁྲིའི་རིན་ཐང་ཁྲོད་ནས་གླེང་ནའང་། ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ལྟ་བུའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའི། བྱ་བཞག་འགངས་ཆེན་ཞིག་ཏུ་གྱུར་ཡོད་གཤིས། སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་བྱམས་སྙིང་རྗེ་ལས་འཁྲུངས་པའི་ཤེས་རབ་བླ་མེད་ཀྱི་དགོངས་སྤྱོད་ཟབ་མོའི་ལྟ་གྲུབ་ལ།   མི་ཚེའི་རིན་ཐང་དུ་འཛིན་ནུས་པའི་ཤེས་ལྡན་མི་སྣའི་དཔུང་ཁག་གསེར་རིའི་ཕྲེང་བ་ལྟར་ས་ཆེན་པོའི་རྒྱན་དུ་བྱོན་པ་ནི། རང་རེའི་བོད་ཙམ་དུ་མ་ཟད། མིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཡར་རྒྱས་སུ་གཏོང་བའི་ལས་གཞིའི་དེབ་ཐེར་ཆེན་མོའི་ཐོག་ཏུའང་ནམ་ཡང་བཀོད་ཆོག་ཆོག་གི་ཚུལ་དུ་སྣང་།     

   རྒྱུ་མཚན་དེ་དག་གིས་ཕྱིར་ན། སྣང་ཞིག་དགོན་ཆེན་འདིས་བསྟན་འགྲོའི་བདེ་སྐྱིད་ཀྱི་དབུགས་རྒྱུན་གསོ་བའི་མཐུན་རྐྱེན་དུ་དགོངས་ཏེ། བཤད་སྒྲུབ་གསེར་གྱི་འཁོར་ལོའི་མཛད་བཟང། རྒྱལ་བསྟན་གླིང་བཞིའི་ཁྱོན་དུ་ཅི་དགར་བསྒྱུར་བའི་བྱ་བཞག་སྤྱི་དང་། ནམ་ཡང་ལན་གྱིས་འཁོར་ཐབས་མེད་པའི་ཤེས་ལྡན་མི་སྣ་གང་མང་། གསོ་སྐྱོང་བྱས་དང་བྱེད་བཞིན་པའི་བཀའ་དྲིན་བླ་མེད་ལ། སྙིང་ཁོང་རུས་པའི་གསེང་ནས་གོང་བཀུར་དང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མ་འོངས་པའི་ཆར། སྣང་ཞིག་དགོན་ཆེན་གྱིས་བོད་ཀྱི་ཆོས་རིག་སྤྱིའི་འཕེལ་རྒྱས་ལ། ལེགས་པར་དགོངས་པའི་མཛད་བརྒྱའི་བྱ་བཞག་ཡར་ཟླའི་དཔལ་ལྟར་གོང་འཕེལ་ཡོང་བ་དང་། དགེ་ཞིང་ལེགས་པའི་གྲུབ་འབྲས་སྔར་ལས་མང་པོ་ཞིག་ལེན་ཐུབ་པར། ང་ཚོས་རེ་སྨོན་དང་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

   རྣམ་པ་ཚོ། བོད་ཀྱི་ཆོས་རིག་ལོ་རྒྱུས་སྤྱི་ལ་དོ་སྣང་ཡག་པོ་ཡོད་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་གཟུར་གནས་མཁས་དབང་གང་གིས་ལྟོས་ཀྱང་། གཡུང་དྲུང་བོན་གྱི་བསྟན་པ་ནི། སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་དགོངས་པ་ཟབ་མོ་ཇི་ལྟ་བ་ཞིག་ཡིན་ཏེ། འཇམ་དཔལ་རྩིས་རྒྱུད་ལས། ཞང་ཞུང་བོན་གྱིས་འདུལ་དགོངས་ནས། །སྟོན་པ་གཤེན་རབ་མི་བོར་སྤྲུལ། །བོན་གྱི་ཐེག་པ་རིམ་དགུ་བསྟན། །འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད། །ཅེས་བསྟན་པ་མ་ཟད། བསྟན་པ་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་ལམ་གལ་ཆེ་བ་ཡང་། རྗེ་མཉམ་མེད་བླ་མ་ཆེན་པོས། རང་ལྟ་ལ་མི་ཆགས། གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བཤད་པ་ནི། ཤེས་རབ་བསྐྱེད་པའི་རྒྱུ་དང་། དག་སྣང་སྦྱང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ། །ཞེས་དང་། དེ་བཞིན་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་སྔ་ནས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་གསུངས་པ་ལྟར། བོད་མི་རིགས་ནི་གནའ་བོའི་དུས་ནས་བཟུང་། ཆོས་དང་རིག་གཞུང་ལ་སྙིང་དབུས་ནས་དད་གུས་ཆེ་ཞིང་། བསམ་པའི་དཔལ་ཡོན་ནམ་ནང་སེམས་ཀྱི་རིག་པའི་རྩལ་ལས། བདེ་སྐྱིད་ཀྱི་རིན་ཐང་འཚོལ་བའི་རྣམ་དཔྱོད་ཀྱི་དཔའ་རྩལ་ལྟོས་བཅས་ཀྱིས་མཛངས་སུ་ཆེ་བར་མངོན་པ་དང་། ཆོས་བརྒྱུད་དང་གྲུབ་མཐའི་བར་དཀྱེལ་ཡངས་མཉམ་གནས་བྱེད་པའི་ཆ་ནས། ཕན་ཚུན་ཐུགས་ཁུར་དང་བརྩི་མཐོང་བྱ་བའི་ཁོར་ཡུག་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཁར། གཞུང་ལུགས་ཀྱི་དོན་གནད་ཞིབ་དཔྱད་བྱ་བའི་ཐད་ནས་གླེང་ན་ཡང་། ཤེས་འདོད་བློ་ཡི་མུན་པ་སེལ་བའི་རོགས་འདེགས་འབའ་ཞིག་ཏུ་དམིགས་ཏེ། བསམ་བློའི་གོ་རྟོགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཕན་ཚུན་ཉམས་མྱོང་གི་བསམ་ཚུལ་བརྗེ་རེས་བྱེད་པ་དང་། གྲུབ་མཐའ་དང་གྲུབ་མཐའི་བར་གྱི་མཐུན་ལམ་ཇེ་བཟང་དུ་གཏོང་བའི་སྲོལ་རྒྱུན་བཟང་པོ་གནའ་ནས་ད་ལྟའི་བར་རྒྱུན་འཁྱོངས་མཛད་ཡོད་པ་སྟེ། དཔེར་ན། རྗེ་དགོངས་མཛོད་རི་ཁྲོད་པ་ཆེན་པོ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇུ་མི་ཕམ་པ། ཀུན་མཁྱེན་ཤར་རྫ་བ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་སོགས་སྐྱེས་ཆེན་དམ་པ་དེ་དག་གིས་མཚོན། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་རིས་སུ་མ་ཆད་པའི་ཤེས་ལྡན་མི་སྣ་རྩ་ཆེན་མང་པོ་ཞིག་གིས་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་འགྲོ་བའི་བདེ་སྐྱིད་འཕེལ་རྒྱས་ཀྱི་དཔུང་གཉེན་དུ། ཕྱར་གྲུ་མཉམ་འདེགས་དང་། འབད་འབུངས་སྟོབས་སྐྱེད། དཀའ་སྤྱད་འབད་བརྩོན་བྱས་པའི་མཛད་རྗེས་ཀྱིས་སྐྱེ་རྒུ་ཡོངས་ཀྱི་ཡིད་དབང་འཕྲོག་པར་བྱས་ཡོད་ཅིང་། བོད་ཀྱི་ཆོས་དང་རིག་གཞུང་སྔར་ལས་དར་རྒྱས་དང་། རྒྱུན་འཛིན་གོང་འཕེལ་དུ་གཏོང་བར་ལེགས་སྐྱེས་རྨད་དུ་བྱུང་བ་ཕུལ་ཡོད།  དེ་ལྟའི་རིས་མེད་གྲུབ་མཐའ་ཁག་གི་ཁྱད་འཕགས་བསྟན་འཛིན་ཁོང་རྣམ་པ་སུ་ཡིན་ཡང་། རང་ཅག་གདུལ་བྱ་རྣམས་ཡང་དག་ཐར་བའི་ལམ་ལ་འགོད་པར། ཐབས་ཟབ་མོ་ཁྲིད་མཁན་གྱི་བསྐལ་ཁུགས་དུས་སྟོན་གྱི་སྒྲོན་མེ་ལྟ་བུར་གྱུར་ཡོད་པས། དེ་ལ་རྒྱ་ཆེའི་སེར་སྐྱ་ཀུན་གྱིས་མོས་གུས་དང་ཡི་རང་བྱ་དགོས་པ་མ་ཟད། ཁོང་རྣམ་པའི་ཐུགས་སྟོབས་དང་མཛད་སྤྱོད་བླ་ན་མེད་པ་ལ། ང་ཚོས་ནམ་ཡང་སློབ་སྦྱོང་བྱེད་སའི་དམིགས་འབེན་དུ་འཛིན་རྒྱུ་དེ་བས་གལ་ཆེན་དུ་སེམས་སོ། །

1537634559113827.jpg

   མཇུག་མཐར། ཇི་སྐད་དུ། མདོ་དྲི་མེད་གཟི་བརྗིད་ལས། གསང་རྒྱུད་ཐེག་ཆེན་ལྟ་བས་སྤྱི་ཁོག་ཕུབས། །ནང་རྒྱུད་གསང་སྔགས་སྒོམ་པའི་སྙིང་པོ་བཙལ། །ཕྱི་རྒྱུད་འདུལ་ཁྲིམས་སྤྱོད་པས་ལ་དོར་བྱ། །དེ་གསུམ་ཟུང་འབྲེལ་བདག་གཞན་དོན་གཉིས་འགྲུབ། །ཅེས་གསུངས་པ་ལྟར། ཕན་བདེ་རྩ་ལག་ཀུན་གྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་ཁྱད་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་ཐེག་ཆེན་གཡུང་དྲུང་བོན་གྱི་རིང་ལུགས་དྲི་མེད་རྣམ་པར་དག་པ་དང་། ཕྱོགས་དང་རིས་སུ་མ་ཆད་པའི་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཀྱིས་མཚོན། ཕྱོགས་མཐའ་མ་ལྷུང་བར་རང་གཞན་ཀུན་གྱི་གྲུབ་མཐའ་འཛིན་སྐྱོང་སྤེལ་བར་བྱེད་པ་ལ། བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་སྟེ། དཔྲ་སྟོན་པཎ་ཊི་ཏའི་གསུང་ལས། གཡུང་དྲུང་བོན་དང་དམ་པའི་ཆོས་ཀྱི་ཚུལ། །འཇིག་རྟེན་མུན་པ་སེལ་བྱེད་ཉི་ཟླ་ཟུང་། །སྐྱེ་དགུའི་མཁའ་ལ་ཇི་སྲིད་གནས་ཀྱི་བར། །ཕན་དང་བདེ་བའི་ལམ་བཟང་ཅི་ཡང་གསལ། །ཞེས་གསུངས་པ་དང་། དེ་བཞིན་དུ་སྤྱི་ཚོགས་འཆམ་མཐུན། དཔལ་ཡོན་འཕེལ་རྒྱས། ཞི་བདེ་ཡུན་གནས་ཡོང་བ་བཅས་དང་བསྟུན། ལྷན་རྒྱས་ཀྱི་སྐུ་ཁམས་བཙོ་མའི་གསེར་ལྟར་བཟང་ཞིང་། མཛད་འཕྲིན་རྨ་ཀླུང་རིང་མོའི་རྒྱུན་དང་བསྡོངས་ནས། བསྟན་འགྲོའི་བསོད་ནམས་ཀྱི་སྤྱི་དཔལ་དམ་པར། དུས་དང་ཡུན་དུ་འཛད་མེད་ཅི་དགར་འཇོ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཐུགས་རྗེ་ཆེ།

1537634624140946.jpg1537634624120248.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།