མཐོན་མཐིང་མཁའ་ལ་ཟླ་གཞོན་གསར་དུ་ཚེས།

[ཟླ་ཚེས། 2018-01-05 12:09:39][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༠༡.jpg

བསླབ་གསུམ་ནོར་བུའི་མཛོད་འཛིན་གཤེན་གྱི་དྲང་སྲོང་དགེ་བཤེས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ཉིད་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་མཁན་རབས་སུམ་ཅུ་སོ་བཞི་བར་རྟགས་སྒྲིལ་དུ་བབས་པར་སྙིང་དབུས་ནས་དགའ་འབོད་དང་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ།

 

རྒྱལ་ཀུན་འདུས་ཞལ་སངས་རྒྱས་སྨན་རི་བའི།།

གསང་གསུམ་སྒྱུ་འཕྲུལ་མཛེས་སྡུག་གསར་བའི་དཔལ།།

གཅིག་བསྡུས་ཟླ་བ་སྟོང་གི་ལྷུན་པོ་ནི།།

ཡང་དར་བསྟན་པ་རྒྱས་པའི་མགོན་དུ་བསུ།།

 

ཕྱོགས་ཞེན་གཟུགས་བརྙན་དྲི་མས་མ་བསླད་ཅིང་།།

རང་མཐོང་ངན་སྐྱུགས་རླུང་གིས་བསྐྱོད་མིན་པར།།

མཆོག་གསུམ་ལུང་གིས་བསྐུལ་བའི་ཟླ་བ་འདི།།

བསྟན་འཛིན་རྒྱུ་སྐར་བྱེ་བའི་གཙུག་ནས་བཞད།།

 

གང་གི་མཁྱེན་རབ་ཁ་འབབ་རྣམ་བཞི་ཡི།།

རླབས་ཀྱི་ཟེགས་མས་ཡངས་པའི་ས་ཆེན་དུ།།

རྩེན་པའི་དགའ་སྟོན་མཛད་བཟང་ནོར་བུའི་མཚོ།།

གདུལ་བྱ་ཀླུ་དབང་རོལ་བའི་རྒྱན་དུ་འཛིན།།

 

མཆོག་གསུམ་རྩ་གསུམ་སྲུང་མའི་ཐུགས་རྗེ་དང་།།

རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།།

ཁྲི་འཛིན་ཆེན་པོའི་ཞབས་ཟུང་གཡུང་དྲུང་རིས།།

གཡོ་མེད་བསྐལ་བའི་མཐར་ཡང་ཡུན་གནས་ཤོག 


དེས་མཚོན་གྱེར་བསྟན་ལུང་རྟོགས་ཟླ་བའི་རླབས།།

སྲིད་ཞིའི་ཚ་གདུང་གཞིལ་ལ་སྟོབས་མཆོག་གི།།

གཞན་ཕན་འཕྲིན་ལས་ག་བུར་མཛོད་འཛིན་ཏེ།།

ཚངས་རྒྱུང་བྱེ་བའི་བླ་ན་འབར་གྱུར་ཅིག 

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ནས། 

༢༠༡༨//༡ཉིན་ལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།