ཤིས་ཚིག་ཟླ་བ་གཞོན་ནུ།

[ཟླ་ཚེས། 2018-01-04 13:43:23][རྩོམ་པ་པོ། ཡང་རྩེ་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཡང་རྩེ་ཚང་གི་ཁ་བྱང་གཅིག་པའི་སྙན་ངག 

1515044793205950.jpg

བཞི་བཅུ་རྩ་ལྔ་ཐེག་པའི་ཡང་གོང་གི། 

ལྷ་ཆེན་གཤེན་ལྷ་དཀར་པོའི་ཟླ༵་བ༵་ཤར།། 

མཉམ་མེད་བཞུགས་ཁྲི་སྟོང་པའི་ཕམ་ཁ་ཕུད།། 

སྡུག་གིས་སེམས་རྩ་འཁྱགས་པའི་བྲང་ཁ་དྲོས།། 

བོན་འབངས་ལ་ལུང་འགྲན་པའི་འཁྲུགས་རྩོད་ཞི།། 

སངས་རྒྱས་གཤེན་གྱིས་གནང་བའི་བསྟན་པ་ད༵ར།། 

ཐབས་དང་ཤེས་རབ་ཟུང་གི་མཛད་འཕྲིན་རྒྱ༵ས།།

༢༠༡༨-༡-༣། ཁྱུང་བསོད་བློ།


ཤར་ཕྱོགས་རི་བོའི་རྩེ་ནས།།

དཀར་གསལ་ཟླ་བ་ཤར་བྱུང”།།

བོན་བསྟན་ཀུ་མུད་མེ་ཏོག།

མི་རྒྱས་རང་དབང་མི་འདུག།


ལྷོ་ཕྱོགས་འཕགས་པའི་ཡུལ་ལ།།

ཟླ་གྲོགས་གཏན་མེད་མང་སྟབས།།

ཤར་གྱི་ཐིག་ལེ་དཀར་པོ།། 

རྒྱ་གའི་ཡུལ་ནས་འཛུམ་སོང་།།

༢༠༡༨-༡-༣། ཤར་པ་ངག་དབང་། 


གཤེན་རབ་བསྟན་པའི་བདག་པོ་ཆེ།། 

ཉི་མ་ནུབ་ནས་བཞུད་དང་ལྷན།། 

ཟླ་བ་ཤར་ནས་ཚེས་པ་འདི།།   

བོན་བསྟན་རྒྱས་པའི་རྟེན་འབྲེལ་ཆེ།། 

༢༠༡༨-༡-༣།དགེ་བཤེས་ཤེས་རབ་འཁྲུལ་མེད་ནས།


གངས་རིའི་ཤར་ནི་ཉི་ཟླ་ཤར་བའི་གནས།། 

སྨན་རིའི་ཁྲི་ནི་ཉི་དང་ཟླ་བའི་གདན།། 

སོ་གསུམ་པ་ཡི་མཐོན་མཐིང་དར་ཆུན་དུ།། 

སོ་བཞི་ཟླ་བའི་དཀྱིལ་འཁོར་དེང་འདིར་ཤར།    

འཕྲུལ་གྱི་ཡིག་ཚང་པས། 


མདོ་སྨད་དུང་རིའི་གངས་རྩེ་ནས།།

ཟླ་བའི་དཀྱིལ་འཁོར་འོད་ཆེན་ཞིག།

འཕགས་ཡུལ་སྨན་རིའི་གླིང་དེར་ཕོག།

གསེར་གྱི་ཁྲི་འཕང་མཐོ་བར་བྱས།།

ཁྱུང་པོའི་དགེ་བཤེས། 


བསིལ་མོ་ལྗོངས་ཀྱི་ནོར་བུ་དང་།། 

འཕགས་པའི་ཞིང་དུ་ཟླ་བའི་མཚན།། 

ཉི་མ་ནུབ་པའི་སྐྱོ་གདུང་དེ།། 

བསལ་བར་བྱེད་པོ་ཁྱོད་ཡིན་ཞེས།། 

ལྷ་དང་བླ་མས་ཐུགས་དམ་མཛད།། 

གྱེར་བསྟན་རྒུད་པ་མི་འགྱུར་ཞིང་།། 

སླར་ཡང་འཛམ་གླིང་གསལ་བའི་རྒྱན།། 

ལོ་ཟླ་ཞག་ཚེས་འགོ་མ་རུ།། 

སྨན་རིའི་ཁྲི་ནི་ཟླ་གདན་ཞེས།། 

གནམ་གྱི་ལྷ་གར་རྟེན་གསུམ་དང་།། 

བར་གྱི་མི་སྨྲ་གཤེན་དང་ནི།། 

ས་ལ་འདྲེ་སྲིན་བྱུར་སོགས་ཀྱིས།། 

སྐྱེ་འགྲོ་ཡོངས་ཀྱིས་ཤིས་སྨོན་འབུལ།། 

༢༠༡༨-༡-༤། མེ་སྟག་ཕྲ་མོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།