རྗེས་དྲན་དངུལ་ཆུའི་ཐང་མ་བརྡལ་བའི་རི་མོ་གསེར་གྱི་ཐིག་པ།

[ཟླ་ཚེས། 2017-11-18 21:54:09][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཨ་མྱེ་ལྡོང་མདོ་ཚེ་རིང་གཡང་འཕེལ་རྗེས་སུ་དྲན་པ་དངུལ་ཆུའི་ཐང་མ་བརྡལ་བའི་རི་མོ་གསེར་གྱི་ཐིག་པ།
7657c71c1defab5d1fdb6a9e972ea1a0.jpg

བྱ་རུ་བཅོ་བརྒྱད་ཀྱི་འདུས་སྡེའི་རྗེས་ཤུལ། །

སུམ་པ་རྒྱལ་ཕྲན་གྱི་དབུས་ཀྱི་ཕོ་བྲང་། །

འབུམ་རྗེ་གྲགས་པ་ཡི་རྫོང་མཁར་བརྡུང་ཡུལ། །

དོར་རྟ་ནག་པོ་ཡི་འཕྲོག་བཅོམ་བྱེད་ས། །

ཇ་རྟའི་གནའ་ལམ་གྱི་སྒར་ཚུགས་ཆེན་མོ། །

བློ་ལྡན་སྙིང་པོ་ཡི་གསས་ཁང་བཏབ་གནས། །

ཀུན་གྲོལ་གྲགས་པ་ཡི་འཁྲུངས་ཡུལ་ངོ་མ། །

རྔུལ་རྫ་ཟལ་མོ་ཡི་སྒང་རི་ཆར་དུ། །

མི་ལོ་བདུན་བརྒྱ་ཡི་གོང་རོལ་ཞིག་ལ། །

བོན་གཤེན་རིག་འཛིན་གྱི་བཀའ་གཏེར་ཕབ་གནས། །

གྲུབ་ཐོབ་དཔོན་གསས་ཀྱི་ཁྱུང་ཚང་བརྡོལ་ས། །

དཀར་ནག་སེར་གསུམ་གྱི་མངའ་རིས་དག་མ། །

ཁྲི་སྐོར་བཅུ་གསུམ་གྱི་གྲངས་སུ་བགྲངས་དུས། །

སྤྱི་ཁྱབ་རྒྱལ་པོ་ཡི་མངའ་འབངས་བསྡུས་ཚེ། །

ཚོ་བ་སོ་དགུ་ཡི་གྲལ་ལ་བརྩིས་འདུག །

དུས་ནས་ལོ་རུ་འགྱུར་བ་ཆེ་ཡང་། །

ཁྱུང་ཡུལ་མངའ་རིས་ཀྱི་སེམས་ཁམས་ནང་དུ། །

བོན་གཤེན་རིག་འཛིན་ལ་དག་སྣང་ནུབ་མེད། །

མཁན་ཆུང་གྲགས་རྣམ་ཀྱི་ཀླད་པ་དཀྲུགས་ཡུལ། །

ལོ་རྒྱུས་མི་སྣ་ཡི་བརྗོད་བྱ་འབྲི་དུས། །

གླེང་གཞི་རྟོགས་བརྗོད་ཀྱི་སྒྲོམ་གཞི་ཕྱེས་ཡོད། །

དེ་རིང་བརྗོད་བྱ་ཡི་ལེའུ་ཞིག་ལ། །

ཨ་ཞང་ལྡོང་མདོ་ཡིས་ཞབས་རྗེས་གླེང་ཡོད། །

ནག་རུ་སྟོད་པ་ཞེས་ཁྱུང་པོའི་ཡུལ་ཕྲན། །

ནག་སྟོད་རྒན་པོ་འགས་ཁ་རྒྱུན་ཤོད་སྲོལ། །

མཁས་བཞིའི་གདན་ས་རུ་མིང་དུ་བོས་ཟིན། །

མཁའ་འགྲོ་ལྷོ་རུ་ཡི་ཆས་ཤུལ་ཡིན་ཟེར། །

ཁྱུང་ནག་དཔོན་ཚང་གི་མངའ་རིས་བསྙོན་མེད། །

མི་རྒྱུད་ལྷ་བྲིས་ཀྱི་རྒྱུད་འཛིན་མང་པོ། །

ལྡོང་མདོའི་ཁྱིམ་གཞིས་ཀྱི་མི་ཚང་ནང་དུ། །

ལྡོང་དང་རྒྱ་བཟའ་གཉིས་འཚོས་པའི་རིགས་ལས། །

ཅིག་དགུ་ཉི་ཤུ་ཡི་ལྕགས་བྱ་ལོ་ལ། །༼ ༡༩༢༠༽

ཚེ་རིང་གཡང་འཕེལ་གྱི་མཚན་དཔེ་བྲིས་འདུག

མེ་སྟོན་བཀའ་ཐུབ་ཀྱི་རྗེས་འཛིན་དམ་པ། །

ཚུལ་ཁྲིམས་རྒྱལ་མཚན་ཁོང་རྩ་བླ་བཏེགས་ནས། །

ཡབ་སྲས་སྔོན་འགྲོ་ཡི་ངེས་འབྱུང་བསློགས་ཏེ། །

སེམས་ཁྲིད་ལེའུ་ཡི་བློ་གྱོང་བརྟུལ་ཡོད། །

བྱ་འཕུར་བླ་མ་ཞེས་དད་པའི་ཞིང་ས། །

བཟོད་པ་རྒྱལ་མཚན་གྱི་འོད་མདངས་མཇལ་དུས། །

མན་ངག་ཡང་བཅུད་ཀྱི་བགོ་སྐལ་སྨིན་གདའ། །

སེམས་དཔའ་ནམ་གྲགས་ཀྱི་གཟི་དཔལ་མངོན་སྐབས། །

དོན་ཟབ་ཞལ་གདམས་ཀྱི་ཞུན་མ་བླངས་ཡོད། །

ཉམས་རྟོགས་དོན་དམ་གྱི་རྡོག་པོར་ཕྱུག་པའི། །

མེ་སྟོན་ཉི་མས་ཀྱང་བླ་རུ་བཀུར་ས། །

ཕག་མགོན་སྒོམ་ཆེན་གྱི་ཁྱིམ་ཚང་རིགས་ལས། །

གཤིས་རྒྱུད་རྒྱུ་བདག་དེ་བལ་ལས་འཇམ་ཞིང་། །

དད་སེམས་ལྷད་མེད་ཀྱི་མཚོ་མོ་ཟབ་པ། །

རིགས་རུས་ཕག་གཟའ་ལ་གཉེན་སྟོན་བརྒྱབ་འདུག

བཟོ་རྒྱལ་གར་མ་ཡི་བྱིན་རླབས་ཐིམ་ནས། །

སྤྲུལ་སྐུ་བློ་ལྡན་གྱི་དངོས་གྲུབ་བབས་ཀྱང་། །

རྣམ་དཔྱོད་པིར་རྩེ་ཡིས་སྒེགས་པའི་བུ་ཡི། །

ལྡོང་མདོ་འབུ་དགའ་ཡི་ཐིག་རྩ་རི་མོ། །

ཚ་ཚྭ་བསྐོས་ཕུར་གྱི་ས་སྤར་གདབས་བཞིན། །

མདོ་རྒྱུད་ལུང་དོན་དང་དམུ་ཐག་སྦྲེལ་བ། །

རྗེས་འཛིན་མི་སྣ་ཞིག་གསོ་སྐྱོང་གནང་འདུག །

དྲི་མེད་ཤེལ་སྐུ་མཆོག་མངོན་སུམ་མཇལ་དུས། །

ཐིག་རྩའི་ཕྱག་ཚད་ལ་དབྱེར་བ་མ་ཚོས། །

རྒྱུད་པ་འཛིན་པ་ལ་ཉིང་བཅུད་མངོན་ཡོད། །

དཀར་ནག་སེར་གསུམ་གྱི་བླ་དགོན་ཁག་ལ། །

ཕྱག་བཟོས་པིར་རྩེ་ཡི་ཞི་མ་ཁྲོ་ཡིས། །

བསྐྱེད་རིམ་ཕྲ་མོ་ལ་གདེངས་ཆ་བསྐོན་ཡོད། །

མ་འོངས་ལོ་རྒྱུས་ཀྱི་ཤོག་ལྷའི་ཟིན་བྲིས། །

ཤུགས་ཀྱིས་མ་བྲིས་ཀྱང་དབང་མེད་འཁྱུགས་ཤོར། །

སྐྱེ་བ་སྔོན་མ་ལ་བསོད་ནམས་བསགས་དུས། །

ང་ཚོ་དུས་གསར་ཀྱི་འགོ་མ་ཚེས་སྐབས། །

མྱི་རྒན་ཁྱེད་ཉིད་ནི་སྐྲ་ལོ་དཀར་དཀར། །

དོན་གྱི་ལོ་རྒྱུས་ཀྱི་འབྱུང་རྩའི་སྒྲོམ་དུ། །

དུས་རབས་ཉེར་གཅིག་གི་དཀྱོག་མཚམས་ཞིག་ལ། །

ཁྱུང་ཡུལ་བཟོ་རིག་གི་བསྐྱར་གསོ་བ་ཞིག །

ཁྱེད་ཉིད་ཡིན་ཞེས་ཅེས་མ་འུར་ན་ཡང་། །

ལོ་རྒྱུས་རྒད་པོ་ལ་ཁྲེགས་སེ་ཡོད་འདུག

ཞབས་རྗེས་བོན་གཤེན་ལ་བགྲངས་གི་མི་ལོང་། །

སྨོན་རྒྱལ་གཉེར་པ་བཀས་བསྐུལ་ཇི་བཞིན། །

གྲྭ་ས་གཡུང་གླིང་ལ་སྒོ་སྲུང་བྲིས་དུས། །

དངོས་བྱོན་བྱིན་རླབས་ཀྱི་འོད་སྣང་ལྡན་ཞེས། །

རྒྱང་ཞགས་ཆུ་སྒྲོན་ངོས་ལྷང་ངེར་བསྟན་སྐབས། །

ཁྱེད་ཀྱི་རྣམ་དཔྱོད་གི་ཕྱག་པིར་འདི་ལ། །

ང་ཡིས་རྟོག་དཔྱོད་གི་གདིངས་ཆ་མ་ཆོད། །

ཞང་ཞུང་རིག་གནས་ཀྱི་ཁོངས་སུ་བཏོགས་པས། །

ལྷ་རྒྱུད་རིང་མོ་འདི་རིགས་དངོས་ལོས་ཡིན། །

པིར་དང་ཚོན་མདངས་ལ་རིན་ཐང་བསྐྲུན་དུས། །

ལྷ་བཟོ་སྟོང་ཕྲག་གི་རེ་སྨོན་འཆོར་ཡོད། །

ཕོ་བྲང་པོ་ཏ་ལའི་ཉེ་སྐོར་ཞིག་ནས། །

ཅིག་དགུ་བརྒྱད་བཅུ་ཡི་ལོ་ཟླའི་ཁྲོད་དུ། །

བོད་ཀྱི་ལྷ་བྲིས་མཁན་ཆེན་མོ་རུག་དུས། །   

རྩེར་སོན་རི་མོ་ཡི་ཨང་རྟགས་རྒྱུགས་རར། །

ལྷོ་ཕྱོགས་རྒྱལ་པོ་ཡི་ཐང་སྐུ་བྲིས་མ། །

ཨ་མདོ་བྱམས་པ་ཞེས་མིང་གྲགས་ཅན་དེས། །

ཆབ་མདོའི་ཆེན་མོ་བ་ཚེ་རིང་གཡང་འཕེལ། །

ཨང་རྟགས་དང་པོ་ཞེས་མཐོ་བོང་བསྒྲེངས་ཡོད། །

མ་སྤེལ་བསྟོད་བསྔགས་ཀྱི་མགུར་དབྱངས་ཁྱབ་སོང་། །

ཨང་རྟགས་རི་མོ་ལ་དགོས་པ་དབེན་ཀྱང་། །

དོན་དམ་རྒད་པོ་ལ་ཡིད་ཆེས་ལྡན་དུས། །

སྣང་ཁམས་གཉིས་ཀ་ལ་བདེ་བ་བསྐྲུན་མྱོང་། །

མ་འོངས་གཞོན་ནུ་ལ་གར་སྟེགས་བསྐྲུན་མཁན། །

རྒྱུད་འཛིན་གཞོན་རབས་ཀྱི་རི་མོ་མཁས་ཅན། །

སྟོད་སྨད་བར་གསུམ་ལ་དར་ཁྱབ་ཕྱིན་དུས། །

ཁྱེད་ཀྱི་རིག་གཞུང་ལ་རྫོགས་མཐའ་མི་འདུག །

གུས་པ་སྔོན་ཆད་དུས་ཞང་ཚང་སོང་ཚེ། །

ལག་འཁོར་ཕྲེང་བ་ལ་ཆགས་མེད་རེམ་ཞིང་། །

ཁ་བཏོན་དགེ་སྦྱོར་ལ་ཆད་ལྷག་མི་འདུག

གསོ་རིག་རྒྱུད་འཛིན་ལ་དོན་སྙིང་ལྡན་པ། །

ཁྱུང་ཡུལ་ལུང་པ་ལ་ཕན་ཐོག་ཆེ་བའི། །

ཨ་ཞང་བསམ་གཏན་ཞེས་གཅེས་མིང་ཐོག་པའི། །

ཁོང་གི་མངག་བྱ་ཡི་སྨན་ལྷའི་ཐང་ག །

དགུང་གྲངས་གྱ་གསུམ་ཐོག་བཞེངས་ཞེས་གྲགས་འདུག །

ཁྱེད་གོམས་འཁོར་བ་ཡང་ལན་གཅིག་མིན་དུས། །

གནའ་གཏམ་སྙན་མོ་དག་ཆུ་རྒྱུན་བསྲིངས་སྐབས། །

བདག་གི་དབང་པོ་ཡང་ཁྱེད་ལ་ཐིམ་མྱོང་། །

ཁྱུང་ཡུལ་ལུང་པ་ཡི་གོམས་སྲོལ་རིག་གཞུང་། །

གྲུབ་ཆེན་གོང་འོག་གི་བླ་མའི་མཛད་པ། །

སྨོན་རྒྱལ་ནམ་དབང་སོགས་དམ་པ་གོང་མས། །

བསྟན་འགྲོའི་མགོན་པོ་བཅས་ཕེབས་པའི་ཚུལ་དག

རེ་རེ་བཞིན་དུ་ནས་གསལ་འགྲེལ་གནང་དུས། །

མི་བརྗེད་གཟུངས་ལྡན་ཙམ་ཁྱེད་ལ་ལྡན་འདུག

ཟོལ་བསྟོད་ཀུ་རེ་ཡི་རྩེ་མཚར་བཤད་མྱོང་། །

དུས་ཀྱི་གློག་སྒྲོན་བཞིན་གང་འདྲ་འཁྱུགས་ཀྱང་། །

རྒན་པོའི་ཡིད་ཡུལ་ལ་ཁྲེགས་སེ་ཡོད་འདུག

མྱི་རྒན་ཨ་མྱེ་ཁྱེད་ཉམས་མྱོང་ཅན་ཞིག

དངོས་སུ་ཡིན་པ་དེ་དེ་རིང་རྟོགས་སོང་། །

རྐང་རྗེས་བཟོ་རིག་གི་མེ་ཏོག་བཀྲ་ཡོད། །

ལོ་རྒན་གོ་གཉིས་ལ་ཚེ་ཐག་བསྲིངས་དུས། །

འཆི་མེད་སྒྲུབ་ཀྱི་མདའ་དར་སྒྲོན་ཡོད། །

ཡུལ་ཤུལ་སྐྱེ་རྒུ་ཡི་ས་མགུལ་སྔ་ཉིན། །

ཉིས་སྟོང་བཅུ་ལོ་ཡི་ཚེས་ཤར་ཞིག་ལ། །༼༢༠༡༤། །༤། །༡༣༽

གཏན་བདེའི་ལམ་ཁ་ནས་ཆས་ཁ་ཡིན་ལ། །

ཨ་ཞང་གཡུང་དྲུང་གི་རྣ་བར་བསྲེངས་དུས། །

ནམ་རྒྱུན་སྟེང་དགོན་དུ་སློབ་ལ་རེམ་ཀྱང་། །

དུས་དེར་བླ་བྲང་གི་ནང་དུ་ཡོད་པའི། །

འདུར་རྒྱུགས་གཅིག་སྣར་སྒོར་ཁར་ཀློད་ཚེ། །

ཡུད་ཙམ་ཞིག་དུས་ནས་ནག་སྟོད་སླེབས་པའི། །

གོམས་དུས་བསྐྱལ་དུས་སུ་ལན་འགར་བོས་ཀྱང་། །

འཆི་བ་མངོན་གྱུར་ལ་རང་དབང་ཐོབ་འདུག །

དཀྱིལ་དཀྲུང་མཉམ་བཞག་ངང་ཙོག་པུར་གནས་དུས། །

མ་གཡེལ་མ་གཡེལ་འགའ་ལན་འགར་ཞུས་མཐར། །

རང་མལ་ཞིང་གནས་ནས་རིང་དུ་བརྒལ་སོང་། །

ངོ་སྤྲོད་གང་ཟབ་འགའ་འདོན་པས་ཚུགས་བཏོད། །

བླ་མའི་ལས་དོན་བཞིན་གང་ཟབ་བྱས་ཡིན། །

མི་ཚེ་གློག་ཞགས་ཀྱི་ཡུད་ཙམ་ཡིན་རུང་། །

དེ་རིང་ཁྱེད་ཉིད་ཀྱི་འཛུམ་མདངས་དྲན་ཞོར། །

དགའ་སྤྲོ་གུས་འདུད་ཀྱི་ཀུན་སློང་བསྲེས་ནས། །

ཟོལ་ཡངས་ཕ་སྐད་ལ་བསྐྱར་ཁུལ་བྱས་ཀྱང་། །

རང་རྐྱ་ཕེར་བ་ཡི་དཔྱོད་མཛངས་མིན་དུས། །

སྙན་ངག་མཁན་པོ་ཡི་སྤྱན་ལམ་གཟན་མོད། །

དོན་དམ་དངོས་བྱུང་གི་ར་མདའ་སྦྲན་ནས། །

ལོ་རྒྱུས་རི་མོ་ཞིག་ཤོག་ལྷེར་བཀོད་ཡོད། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།