འགྱོད་གདུང་ཐེམ་པ་དགུ་བརྩེགས།

[ཟླ་ཚེས། 2017-09-25 22:21:59][རྩོམ་པ་པོ། བོན་བརྒྱ་ནམ་མཁའ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506349369270067.jpg

རབ་འབྱམས་རྒྱལ་སྲས་རྒྱུ་སྐར་དབུས་ན་ཁྱེད་སྐུ༵་ཟླ་བ་མངོན་པར་འཕགས།།

སྲིད་པའི་དབྱངས་སྙན་གཅིག་ཏུ་བསྡུས་ཀྱང་ཁྱེད་གསུ༵ང་ཟླ་བྲལ་ཚངས་པའི་མགྲིན།།

བདེན་གཉིས་ངོ་བོ་འཁྲུལ་མེད་དཔྱོད་མཁས་ཁྱེད་ཐུ༵གས་ཟབ་ཡངས་མ་ཕམ་མཚོ།།

འཛམ་བུ་གླིང་ལ་ལེགས་ཚོགས་མཐའ་དག་ཅི་དགར་སྩོལ་མཁས་སྨ༵ན་རི༵་བ༵།།



དགྲ་གཉེན་ཆགས་སྡང་ཡེ་ནས་བྲལ་བའི་གང་གི་སྙིང་རྗེ་རྟ་ལྗང་བས།།

རིགས་གསུམ་གདུལ་བྱའི་བློ་མུན་སེལ་ཕྱིར་ཕན་བདེ་འོད་སྣང་རིས་མེད་དུ།།

མཁའ་མཉམ་འགྲོ་ལ་ཡང་ཡང་བསྩལ་ཏེ་བསྟན་འགྲོའི་དོན་མཆོག་རླབས་པོ་ཆེ།།

ཚེ་གང་ངལ་མེད་ཕྲག་ཏུ་བཞེས་མཁན་འཛམ་བུ་གླིང་འདིར་ཁྱེད་ལས་སུ།།


འཆ༵ད་པའི་མགྲིན་དབྱངས་ཁུ་བྱུག་གཞོན་ནུས་སྐལ་ལྡན་སློབ་ཚོགས་རྒྱང་ནས་བཀུག།

རྩོ༵ད་པའི་ང་རོས་ཕས་རྒོལ་ལོག་ལྟ་དྲུངས་ནས་བཅོམ་མཛད་སྐྱབས་ཀྱི་མཆོག།

རྩོ༵མ་པས་རྒྱལ་བསྟན་གསེར་གྱི་བ་དན་མཁའ་རུ་བསྒྲེངས་མཁན་ཞྭ་དཀར་བ།།

བསམ་ཞིང་བསམ་ན་རྣམ་འདྲེན་སྟོང་གི་འདུས་ཞལ་གཅིག་པུ་ཁྱེད་མིན་སུ།།


ཐོ༵ས་པ༵འི་ཤེ༵ས་ར༵བ་སྤྲིན་གྱི་ལྕུག་མས་ཡུལ་གཉིས་ཐེ་ཚོམ་གསལ་བར་ཕྱེས།།

བས༵མ་པ༵འི་ཤེ༵ས་ར༵བ་ཡིད་བཞིན་ནོར་བུས་སྒྲིབ་གཉིས་དྲི་མ་ཡོངས་སུ་དག།།

སྒོ༵མ་པ༵འི་ཤེ༵ས་ར༵བ་ཉི་ཟླའི་འོད་ཀྱིས་ཉམས་རྟོགས་ཡོན་ཏན་གླིང་ཀུན་ཁྱབ།།

རབ་བཏགས་ཚིག་གིས་སྤུད་པ་མ་ཡིན་ཁྱེད་ནི་ངེས་དོན་རྫོགས་ཆེན་ཞིག།


རྟག་པར་འཛིན་རྣམས་སུན་ཕྱུང་ཕྱིར་དུ་མཆོག་ཁྱོད་ཞིང་གཞན་གཤེགས་ན་ཡང་།།

བྱམས་བརྩེ་ཁྲི་གདུགས་ཉི་མའི་འོད་ལ་ཉེ་རིང་མེད་པ་བསམ་ཐེངས་རེེར།།

དད་པའི་བ་སྤུ་དབང་མེད་གཡོ་ཞིང་ལག་ཟུང་སྙིང་གར་དམ་སྦྱར་ནས།།

ཡང་སྤྲུལ་ཉི་གཞོན་ཤར་རིའི་ཕྲག་ནས་སླར་ཡང་འཆར་བར་རེ་བ་བརྒྱ།།


སྣ་ཚོགས་ཟས་རིགས་སྣོད་ན་ཡོད་ཀྱང་སྐྱོ་བའི་མུན་པ་སྙིང་ལ་གཟན།།

འཇམ་མཉེན་ལྭ་བ་ལུས་ལ་གྱོན་ཡང་བྱང་ཁོག་སྟོད་སྨད་འཁྱག་གིས་གདུང་།།

ལུ༵༵ང་རྟོ༵གས་བསྟ༵ན་པ༵འི་ཉི༵་མ༵་སེར་པོ་མ་བཞུགས་ནུབ་རིར་ཡིབ་འགྲོ་ན།།

མུན་པའི་ཀློང་གི་ལོང་བ་ང་ཚོ་གསོན་ཡང་དགོས་པ་ཅི་ཞིག་ཡོད།།


སྡེ་སྣོད་གཞུང་བརྒྱར་སྨྲ་དབང་འབྱོར་བའི་གསེར་གྱི་ཁྱུང་ཆེན་སྨན་རི་བ།།

བརྩེ་བའི་གཤོག་ཟུང་ལྷོད་ཀྱིས་བརྐྱངས་ཏེ་དག་ཞིང་གང་ལ་འཕུར་སོང་ངམ།།

འཁོར་བའི་དུ་ཁའི་སྨག་རུམ་ཁྲོད་ན་ངེད་ཅག་ཉམ་ཐག་འགྲོ་དྲུག་གིས།།

གང་གི་མཛད་འཕྲིན་འོད་དཀར་ཅན་དེ་དྲན་པའི་མཆི་མ་གདོང་ན་བྱོ།།


གངས་རི་མཚོ་གསུམ་གང་ནས་འཇིག་ཀྱང་ང་ལ་འགྱོ༵ད་པ་སྤུ་ཙམ་མེད།།

ཉི་ཟླ་སྐར་གསུམ་གཟའ་ཡིས་མིད་ཀྱང་ང་ལ་གདུ༵ང་བ་ཡེ་ནས་མེད།།

ཞྭ་དཀར་བསྟན་པའི་མངའ་བདག་ཆེན་མོ་ལུང་རྟོགས་བསྟན་པའི་ཉི་མ་ཆེ།།

མི་རྟག་ཚུལ་བསྟན་མྱ་ངན་འདས་པར་ཡིད་རབ་གདུང་ཞིང་སྙིང་ནས་འགྱོད།།

         ཅེས་རང་ཅག་བོན་འབངས་བྱིངས་ཀྱི་སྐྱབས་གནས་གཙོ་བོ་རྒྱལ་བ་སྨན་རི་བ་ཆེན་མོ་དགོངས་པ་བོན་དབྱིངས་སུ་ཐིམ་པར་སྐྱོ་གདུང་ཤུགས་དྲག་ཆེན་པོས་ཀུན་ནས་བསླངས་ཏེ་2017.9.20.ཉིན་རང་ཤག་ནས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།