དགུ་པའི་ཚེས་བཅུ་བཞི།

[ཟླ་ཚེས། 2017-09-25 16:53:40][རྩོམ་པ་པོ། སྨྲ་ལྕེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

439c8e4c94fbc77a5b9e0a68643d6499.jpg

འོད་ཀྱི་སྐར་ཆེན་ཕ་རུས་མེས་རུས་ཡིན།།
ད་ནི་གནམ་རིམ་གོང་མའི་གོང་མར་འཕོས།།
སྐྱོ་བའི་རྫ་ཆུ་དག་ཀྱང་མུག་མུག་བཤུམ།།
དབང་པོའི་མིད་སྒོ་སྡུག་དབྱངས་ང་རོས་བརྣངས།།

 

ཁྱེད་ནི་ང་ཡི་གནམ་རྩེའི་འོད་པོ་ཆེ།།
ཁྱེད་ནི་ང་ཡི་མྱང་འདས་མཐར་ཐུགས་པ།།
ང་ཡི་དད་པ་ཁྱེད་ཀྱི་ཁོག་ཏུ་བསྲིང་།།
ང་ཡིས་གསོལ་བ་ཕུར་ཚུགས་ཁྱེད་ལ་འདེབས།།

 

ཁྱེད་ནི་ཉི་མ་འདྲ་ལེ་ཀུནད་ཏུ་ཁྱབ།།
ཁྱེད་ནི་ཕ་མ་ལྟ་བུ་མང་པོར་གཅེས།།
ཕྱོགས་མེད་མགོན་པོ་ཁྱེད་ལ་གཏན་དུ་གུས།།
རིས་མེད་ཁྱབ་བདག་ཁྱེད་ལ་རྟག་ཏུ་བཏུད།།

 

ཁྱེད་ནི་གངས་རི་མཐོན་པོའི་མཐོ་རུ་འཕྱོ།།
ཁྱེད་ནི་སངས་རྒྱས་སྟོང་གི་གཙུག་ན་མཛེས།།
དག་པ་དབྱིངས་རིག་གཞུང་གི་གཤིས་སུ་ཡང་།།
ས་ལམ་ཐེམ་སྐས་བགོམ་སྟེ་གྲོང་དུ་འཇུག།

 

ང་ལ་ལྟོས་ན་ལོ་ཟླ་མུག་པོ་ཡིན།།
ང་ལ་ལྟོས་ན་ཉིན་ཞག་སྐྱོ་པོ་ཡིན།།
ཆུང་ནས་ཕ་མ་ཆས་པའི་དྭ་འུ་བཞིན།།
ངོས་ཀྱི་སེམས་ལ་སྡུག་གི་སྤྲིན་པ་འཁོར།།

 

གལ་ཏེ་ང་ནི་གངས་རི་ཡིན་པ་ན།།
ང་ཡིས་གོན་པའི་ཁ་བ་ནག་པོ་ཡིན།།
ཡང་ན་གཏན་དུ་ངུ་བའི་ཆུ་མོ་སྟེ།
རྒྱ་བོད་བལ་བོད་ཕྱོགས་ནས་བཤུམ་བཞིན་ཡོད།།

 

འདི་ན་སྐྱོ་བ་ཡས་འབབ་མས་འབབ་ཡིན།།
ཚེས་པའི་ཟླ་བ་སྤྲིན་པ་བགོམ་སྟེ་གཞའ།།
ཤར་བའི་ཉི་མ་ནམ་མཁའ་བརྒལ་ནས་གཤེགས།།
ང་ཡི་ཕྱོགས་སུ་སྡུག་གི་ཚ་བ་རྒྱས།།

 

ང་ནི་བྱ་དང་བྱེའུ་ཡིན་པ་ན།།
གཤོག་པ་ཆག་སྟེ་འགྲོ་བའི་བྱ་ཞིག་ཡིན།
མིན་ན་མཚན་མོའི་གཟེབ་ཀྱི་རི་སུལ་དབུས།།
མུན་པ་ལྡེ་བཞིན་བཤུམ་པའི་སོ་སྐྱེས་ཡིན།།

 

ཁྱེད་ནི་དབྱིངས་ཀྱི་མཆད་པར་བསྙལ་དུས་ན།།
ང་དང་ང་ཡི་ཤོག་གི་དབྱངས་རྟ་ངུ་།།
ཁྱེད་ནི་སྟོང་བའི་སྦྲུམ་དུ་བབས་དུས་ན།།
གསོལ་འདེབས་འོད་ལོ་རྟག་ཏུ་ཁྱེད་ལ་འབབ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།