སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཁྱེན་ནོ།

[ཟླ་ཚེས། 2017-09-25 16:48:17][རྩོམ་པ་པོ། ཀླུ་གཅིག་དཀར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

            af0d5971f6fedac3ca154566063040cb.jpg
འཛམ་གླིང་ཉི་མ་སེར་པོ་ནུབ་ཕྱོགས་རུབ་ནས་བདེར་གཤེགས་ཞིང་ཁམས་འགྱེལ།།
གླིང་བཞིའི་མུན་པ་སེལ་བའི་སྐར་མ་འོད་ཆེན་ནམ་མཁའི་དབྱིངས་ནས་གཟིམས།།
བོད་ཀྱི་སྒྲོན་མེ་ཁ་བའི་བླ་ཆེན་མི་ཡུལ་ཞིང་ནས་དག་ཞིང་གཤེགས།།
འཁོར་བ་སྡུག་གི་མུན་པ་སེལ་བའི་འགྲོ་བའི་མགོན་པོ་གཅིག་ཟད་སོང་།།

 

རྗེ་གཅིག་མཉམ་མེད་བླ་མའི་གསེར་ཁྲི་མངའ་བདག་ཁ་བའི་རིག་མཛོད་ཅན།།
བསླབ་གསུམ་ངུར་སྨྲིག་བཅིངས་བའི་གྱེར་བསྟན་ཀ་ཆེན་རྒྱལ་བ་སྨན་རི་བ།།
མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་བདེ་ཆེན་དབྱིངས་གཤེགས་མཛད་ལ་བཞུགས།།
ཤུལ་ལུས་བོན་འབངས་ཡོད་ཚད་སྡུག་གིས་མནར་ནས་ཁྱེད་ལ་གསོལ་བ་འདེབས།།

 

འཚེ་མེད་འགྲོ་བའི་མགོན་པོ་ཞིང་དག་འོག་མིན་དབྱིངས་ཉིད་གླེང་ནའང་།།
ཕྲིན་ལས་རྒྱ་མཚོ་བཀོད་པ་མཁྱེན་གཏེར་བརྗིད་ཆགས་ཐེན་ན་རི་བོ་ནི།།
འཁོར་བའི་རྒྱ་མཚོ་མཐའ་ཡས་དུད་རླངས་འཕྱུར་བའི་མཚོ་རུ་སླེབས་པ་དཀའ།།
གདུལ་བྱ་སེམས་ཅན་འགྲོ་དྲུག་ཆེད་དུ་མཁྱེན་དང་བརྩེ་བས་ཉེར་གཟིགས་པས།།

 

དྲི་མེད་ལྷག་བསམ་དཀར་པོ་ཉི་འོད་བཞིན་དུ་རིས་མེད་ཡོངས་ལ་སྨན།།
བྱམས་བརྩེ་སྐྱོང་པའི་བཀའ་དྲིན་སྣུམ་པོ་འཇའ་ཟེར་དྲི་བཞོན་ཆིབས་པ་ཡིས།།
སྙིང་རྗེས་འགྲོ་ལ་གཞན་ཕན་བརྩེ་བའི་འཕྲིན་ལས་འཇའ་གུར་འཛུམ་པས་རིགས།།
ཞི་དུལ་བག་ཡོད་སྤྱོད་པའི་ཁྲིམས་མཛེས་པད་མའི་མེ་ཏོག་སྙིང་ལ་འཇམ།།

 

ཀ་དག་བོན་སྐུའི་གཟི་བྱིན་གཉུག་མའི་མཐུ་དཔལ་རྟོག་མེད་ཡེ་ཤེས་ཐུགས།།
བདེན་གཉིས་ཤེས་བྱའི་གནས་ལུགས་མཁྱེན་པའི་ཡང་དག་རྫོགས་པའི་ངོ་བོ་ཉིད།།
རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་ཀར་སྲིད་པའི་སྒྲོན་མེ་རབ་ཏུ་འབར།།
ཡིད་འོང་མཚན་བཟང་དཔེ་བྱད་འཕྲུལ་ཡིག་བཞི་བཅུ་དཔལ་གྱི་མདངས་འབར་ཞིང་།།

 

རྣམ་དག་འདུལ་བའི་གཙང་མའི་སྤྱོད་ལམ་རྣམ་བཞི་མངོན་གྱུར་ཚུལ་བསྲུང་སྟེ།།
རིམ་གཉིས་རྫོགས་པའི་གྲོལ་བ་མཐའ་ཕྱིན་སྨྲ་བའི་སྲིད་པའི་སྒྲོན་མེ་བསྔགས།
ཀུན་སྤངས་སེམས་དཔའི་ཀ་དག་བོན་སྐུ་ངང་ལ་འབད་མེད་ལྷུན་རྫོགས་ཤིང་།།
རྒྱ་གར་འཕགས་ཡུལ་དབེན་གནས་མཛད་འཕྲིན་འཁོར་ལོ་བསྒྱུར་པའི་སྨན་རི་བ།།

 

སྐུ་ཉིད་བདེར་གཤེགས་ཞིང་ཁམས་ཕེབས་དུས་གཞན་དང་མི་འདྲ་རྟགས་མཚན་བསྟན།།
བོན་འཆད་ཐུན་གཅིག་ངང་ལས་དགོངས་པའི་དབྱིངས་སུ་བདེ་བར་གཤེགས་པ་སོང་།།
ཁ་བ་ཅན་གྱི་ཡུལ་ལ་སངས་རྒྱས་བསྟན་པར་དར་བའི་ལྟས་བཟང་འདིར།།
གདུལ་བྱ་སེམས་ཅན་ཐར་བ་ཐོབ་པའི་སྨོན་ལམ་རྣམ་དག་འདེབས་པ་ཡིན།།

གུས་པོ་ཀླུ་གཅིག་དཀར་ཟེར་དེས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།