འཛམ་གླིང་གི་ཉི་མ་བཞུད་པས་སྐྱོ་གདུང་།

[ཟླ་ཚེས། 2017-09-25 11:57:33][རྩོམ་པ་པོ། ལྷ་བཟོ་གཡུང་དྲུང་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506311896991925.jpg

བསྟན་འཛིན་སྐྱེས་བུས་དབུ་ཡི་ཏོག་ལྟར་བཀུར། །

རིགས་པའི་མངའ་བདག་ཀུན་གྱིས་མཐེ་མོ་བསྒྲེངས། །

ཕྱི་ནང་མཁས་པས་བསྟོད་པའི་མེ་ཏོག་འཐོར། །

ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་གི་ནོར། །

 

མཛད་འཕྲིན་ཉི་མའི་དཀྱིལ་འཁོར་མཁའ་ལ་བསྐྱངས། །

མཛད་རྗེས་འོད་རླབས་དཀར་པོ་སྲིད་གསུམ་བརྡལ། །

སློབ་འབངས་ཆུ་སྐྱེས་དགའ་ཚལ་ཕྱོགས་ཀུན་བསྐྲུན། །

བསྟན་འགྲོའི་བཞེད་དགོངས་དྲི་བསུང་མཁའ་ལ་གཏིབས། །

 

མེས་པོའི་རིག་མཛོད་སྐྱོང་ལ་མཛད་རྒྱས་ཆེ། །

གྱེར་བསྟན་ཕྱོགས་སུ་སྤེལ་ལ་གྲུབ་འབྲས་སྨིན། །

རིས་མེད་གྲུབ་མཐའ་ཀུན་ལ་བྱང་དུ་ཆུབ། །

ཉམ་ཐག་ཡིད་ཅན་ཀུན་ལ་བརྩེ་བ་ཟབ། །

 

ཁྱེད་སྐུ་གཤེགས་པས་སྐྱེས་ཆེན་ཀུན་ཀྱང་བཤུམས། །

 གཟུར་གནས་མཁས་དབང་ཐམས་ཅད་གདུང་བས་མནར། །

རིས་མེད་གྲུབ་མཐའ་ཀུན་གྱིས་གཙུག་ཏུ་བཀུར། །

དེ་ཕྱིར་བླ་མ་ཁྱེད་ནི་ཀུན་གྱི་མཆོག །

 

ཁྱེད་རང་བཞུད་པས་གངས་རིའི་གཟི་མདངས་ཡལ། །

བླ་མ་མེད་པས་གཡུ་མཚོའི་རླབས་ཀྱང་གཟིམས། །

གཟུགས་སྐུ་བསྡུས་པས་ཉི་མའི་དྲོད་རླབས་ཡལ། །

རྗེས་ལུས་དྭ་ཕྲུག་རྣམས་ལ་མགོན་སྐྱབས་བྲལ། །

 

འཕགས་པའི་ཡུལ་ནས་ཉི་མ་འགྲིབ་མ་ཐག །

ཕྱི་ནང་ཀུན་ལ་མུན་པ་ཡོངས་སུ་འཐིབས།   

ས་སྟེང་ཀུན་ལ་ཆོ་ངེ་སྒྲ་ཡིས་ལྡིར། །

འདི་འདྲའི་སྐྱོ་གདུང་དྲག་པོ་ཐེག་པ་དཀའ། །

   

ཁྱེད་སྐུ་གསེར་གྱི་ཀ་ཆེན་འགྱེལ་ན་ཡང་། །

མཁྱེན་བརྩེ་ཡེ་ཤེས་ངོ་བོ་འགག་མེད་པས། །

ཕྱོགས་བཅུའི་སློབ་འབངས་དད་པའི་ཨ་ལོང་ཉིད། །

ཐུགས་རྗེའི་ལྕགས་ཀྱུས་ཟིན་པར་བྱིན་གྱིས་རློབས། །

 

འདི་ནས་འགྲོ་དོན་རྫོགས་པ་ལགས་མོད་ཀྱང་། །

འདི་ནས་ལུས་པའི་དྭ་ཕྲུག་ཉམ་ཐག་རྣམས། །

འདི་ལྟའི་དྲན་གདུང་མུན་ཀློང་འཕྱན་གྱུར་བས། །

འདི་རུ་བརྩེ་གཟིགས་ཉི་མ་མྱུར་ཤར་ཤོག །

 

ཅེས་པས་དྲན་གདུང་གིས་མནར་ཞིང་སྐྱོ་བས་རྩེས་པའི་ཐ་ཤལ་བ་གཡུང་དྲུང་བསྟན་འཛིན་གྱིས་བྲག་དཀར་བྱ་རྒོད་དགོན་ནས་བྲིས་པས་དགེའོ། །

                             2017/9/24

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།