གསེར་གྱི་ཀ་ཆེན། སྨན་རི་བ།

[ཟླ་ཚེས། 2017-09-24 20:44:39][རྩོམ་པ་པོ། རིག་པའི་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506257178430188.jpg

གནམ་གྱི་སེམས་དཔའ་ཆེན་པོ།   ཁྱེད་གང་དུ་བཞུགས།

རྒྱལ་བ་སྨན་རི་བ།

ལྷ་ཡུལ་ནས་མི་ཡུལ་དུ་མངག་པའི་ལྷ་ཕྲུག་གསོན་པོ།

མི་ཡུལ་ནས་མི་ཡི་རྒྱལ་སྲས་རྩེ་མོ།   

གནམ་འོག་གི་སེམས་དཔའ་གཅིག་ལྕོགས།

དུས་འགྱུར་གྱི་ཁུགས་སོ་རེ་རེའི།  བསྐལ་ཆེན་གྱི་སྟོན་པ་བསམ་བཞིན་དུ་མི་ཡུལ་ཕེབས་གཤིས།

བརྒྱད་ཁྲི་བཞི་སྟོང་གི་རྡུལ་བརྩེགས་ཁྲོད་ནས། ཐེག་དགུ་བང་རིམ་གྱི་ཁྲི་འཕང་འཛེགས་ཏེ།     ཟླ་མེད་ཡང་རྩེ་རུ་དར་ཆེན་སྒྲེངས་པས།

གཡུང་དྲུང་རི་མོའི་དབུ་འཕང་བླ་ལྷག་གེར་མཐོ་སོང་།

གནམ་སྔོན་པོས་མི་ཁེབས་པའི་སྐྱེས་ཆེན་ལགས།

ཁྱེད་ལྟ་བུའི་སྐྱེས་ཆེན་རེ་ཕེབས་དུས་དཀའ་སྡུག་ཁྲི་འབུམ་གྱི་འགག་འཕྲང་བཤུར་ཏེ་དུས་རབས་རེ་རེའི་སྐྱོག་མཚམས་རེ་རྫོགས་འགྲོ།

ངལ་གསོའི་སྟེགས་བུ་ཡང་རེ་རེ་བཞེངས་ཡོད།


གསེར་གྱི་ཉི་མ།  སྨན་རི་བ།

གནམ་གྱི་སེམས་དཔའ་ཆེན་པོ།   ཁྱེད་གང་ནས་བཞུད།

གླིང་དགུའི་སྨག་རུམ་ནས་ཅོལ་ཆུང་བྱིས་པ་ཚོ་ཉལ་ཉིལ་དུ་འཆལ་ཚེ།

ས་ཆེན་པོ་འུབས་ཆུད་ཀྱི་ཀློང་ནས་གསེར་གྱི་ཉི་མ་གཞོན་ནུ།

ས་སྟེང་གི་སེམས་ཅན།  སེམས་ཅན་ཀྱི་རེ་བ་ཉག་གཅིག་ལྟར།

ལུང་རྟོགས་བསླུ་མེད་ཀྱི་ལུས་ཟུངས་གསོས་ཤིང་།     གནའ་དེང་རིག་པའི་ཟུང་ཁྲག་འདི་རྒྱས་སོང་།   ཁྱེད་ཀྱིས་གསོས་ཡོད་ལ། ཁྱེད་ཀྱིས་རྒྱས་སོང་།   ཁྱེད་ཀྱི་སྟོབས་ཡིན་ལ།    ཁྱེད་ཀྱི་དྲིན་ཡིན།

བདེན་མཐའ་འདི་ཁྱེད་ཉིད་གཅིག་པུས་གསལ་ཡོད་པས།

རི་སྤྱང་སྔོན་མོ་ཡི་སྲོག་རླུང་དུལ་བས་དུང་སེམས་དར་དཀར་ཀྱི་བླ་བྲེ་འཐེན་ཏེ་རྩི་ཏོག་ལ་འཐམས། 

འཆི་བདག་ནག་པོ་ཡང་འཇིགས་ཤིང་སྐྲག་སྟེ་གློ་སྙིང་མཆིན་གསུམ་ཡང་ཁྱེད་ལ་གཏད་ཡོད།    བསྐལ་བ་ཇི་སྲིད་ལ་དྲན་གསོ་ཞུ་འོས།


གསེར་གྱི་ཀ་ཆེན།  སྨན་རི་བ།  

གནམ་གྱི་སེམས་དཔའ་ཆེན་པོ།   ཁྱེད་གང་ན་བཞུགས།

ཡང་མེས་རིང་ལུགས་ཀྱི་རྩ་བ་ཚུགས་ཤིང་།  རྩེ་མོ་ལྷ་ཡུལ་ནས་འབྲས་བུ་དུད་པ།

གྱེར་བསྟན་གནམ་གྱི་ཀ་ཆེན་བ།   གནམ་སྔོན་པོ་འདེགས་པའི་གསེར་གྱི་ཀ་ཆེན།  རྗེ་སྨན་རི་བ་ལགས།      དོན་ངོ་ཅི་ལྟར་འགྱེལ།

ཁྱེད་ཉིད་གཤེགས་ཤུལ་ནས་སྒུག་ཡོད།

མཚར་སྡུག་དང་མཚར་སྡུག་གི་དགོད་སྒྲ་ཡར་ཐལ།

རྒྱལ་བསྟན་ཁུར་ཆེན་འདི་བདག་གིར་བཞེས་པའི་ལྟ་སྤྱོད་གཞིར་བཞེངས་ཀྱི་གསེར་གྱི་ཀ་ཆེན།  རྗེ་སྨན་རི་བ།

ཁྱེད་ཉིད་མི་བརྗོད་སུ་ཞིག་བརྗོད།  ཁྱེད་ཉིད་མི་གླེང་སུ་ཞིག་གླེང་།

མི་ལ་རུས་པ།   རུས་པ་ལ་ཤ    ཤ་ལ་ཁྲག  ཁྲག་དབུགས་ཆུ་སེར་དང་འདྲེས་མ་ཞིག་ཡིན་ཕྱིར་དྲན་བཞིན་ཡོད་ལ་ངུ་བཞིན་ཡང་ཡོད།

ཕྱོགས་མེད་སྐྱེས་ཆེན་མང་པོས་ཁྱེད་ཀྱི་དྲང་གནས་དང་བདེན་སྟོབས་དབྱངས་སུ་གྱེར་ཏེ་འགྱོད་གདུང་གི་གྱེས་ཕྱག་སྨོན་ལམ་ཞུ་བཞིན་གདའ།


གསེར་གྱི་ཀ་ཆེན་འགྱེལ་བས།    གནམ་འོག་ལ་གོད་ཆགས་བྱུང་བར། 

ས་སྟེང་གི་བོན་འབངས་ཡོངས་ཀྱིས་བྲང་ལག་འཐབ་སྟེ་སྐྱོ་གདུང་གིས་གཟིར་བཞིན་ཡོད།

རིགས་དྲུག་སེམས་ཅན་ཀུན་ཡམ་ཡོམ་འགྲེང་སྟེ་གཤིན་རྗེ་ཆོས་རྒྱལ་ཡང་གཉིད་ལས་དཀྲོགས་འདུག  

བགྲང་བྱ་གྱ་དགུ་དབུ་སྔས་མཛད་དེ་ཕྲིན་ལས་རྣམས་མཐར་ཕྱིན།

དུས་གསུམ་སྟོན་པ་ཡང་འཁྲུངས་འདས་སྲིད་ཀྱང་།  འདི་འདྲ་ཕངས་སེམས་བསྐྱེད་མ་མྱོང་། འདི་འདྲ་སེམས་རྩ་ཆུས་ཀྱང་བཤའ་མི་སྲིད།   


གསེར་གྱི་སྒྲོན་མེ།   སྨན་རི་བ།

གནམ་གྱི་སེམས་དཔའ་ཆེན་པོ།   ཁྱེད་གང་དུ་བཞུགས།

སྟོང་གསུམ་མུན་སྨག་གསལ་བའི་གསེར་གྱི་སྒྲོན་མེ། སྨན་རི་བ།

ཡར་ཐོག་དྲོད་ཁུལ་གྱི་མཐིལ་དུ།

འོད་གསལ་བྱིན་རླབས་ཀྱི་དྲོ་རླངས་དང་བཅས་ཏེ་ཞི་དབྱིངས་སུ་གཟིམས་པས།   མཆིན་པ་རྡོ་ལ་བརྡར་བའི་ཟུང་རྔུའི་གསེབ་ནས།

སྐྱོ་གདུང་གི་རྒྱ་མཚོ་འཁྱིལ་བཞིན་འབྲལ་མེད་ཀྱི་དམུ་ཐག་འཐེན་གྱིན་ཡོད།


རེད་ཡ།  རེད།

བརྗེད་མི་སྲིད་ཞབས་རྗེས་རྣལ་མ།

མི་འཇིགས་བློ་ལྡན་མས་ཐེག་མི་སྲིད་པ།

མཐོངས་གསལ་གུར་ཁང་གི་བསྟན་པའི་དབུས་ནས།

ཟླ་མེད་འཕགས་ཆེན་གྱི་ཕྲིན་ལས་དཀར་པོ།

ནམ་ཡང་གསལ་ལམ་ལམ།   འོད་འཚེར་འཚེར།    

གསེར་ནག་རི་བོའི་རྟོགས་བརྗོད་རྣལ་མར་དངུལ་དཀར་གྱིས་མཐའ་རྒྱན་སྤྲད་དེ་བགྱིད། 

སངས་རྒྱས་སྨན་རི་བ།

སྐྱབས་གསུམ་ཀུན་འདུས་ཀྱི་བླ་མ་ཀྱེ་ཀྱེ།

སངས་རྒྱས་སྨན་རི་བའི་ཕྲིན་ལས་གཟི་འོད་འཛད་མཐའ་མེད་སྟབས།

རི་གྲོང་གི་འཇིག་རྟེན་གྱི་དྭ་ཕྲུག་འཁྱམས་པོ།

བདག་སོགས་སྲིད་པའི་ཉམ་ཐག་སེམས་ཅན་རྣམས།

ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་རེ་སྨོན།

ཐུགས་རྗེ་འོད་གཟེར་གྱི་ཉག་ཐག་སྐྱོང་བར་མཁྱེན་མཁྱེན།  


བརྗེད་མི་སྲིད།    1929—2017

དོན་ངོ་མ་གསེར་གྱི་ཀ་ཆེན་ཞིག་འགྱེལ་སོང་།

ལྟ་བ་མཉམ་གནས།     དཀའ་སྡུག་མཉམ་ཁུར།  

དོན་ངོ་མ་གསེར་གྱི་ཉི་མ་ཞིག་བཞུད་སོང་།

གདུང་སེམས་མཉམ་བསྐྱེད།   ཐུགས་གསོ་མཉམ་བསྐང་།

དོན་ངོ་མ་གསེར་གྱི་སྒྲོན་མེ་ཞིག་གཟིམས་སོང་།

སྐྱོ་གདུང་མཉམ་ཡོད།།  མིག་ཆུ་མཉམ་བཞུད།།     

དོན་ངོ་མ་གསེར་གྱི་ཁྱུང་ཆེན་ཞིག་འཕུར་སོང་།

དཔུང་པ་མཉམ་གཤིབ།  ཕྱག་གྲུ་མཉམ་འདེགས།

༢༠༡༧/༩/༡༧ཉིན།

微信图片_20170924210234.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།