རྗེ་སྨན་རི་བ།

[ཟླ་ཚེས། 2017-09-24 11:39:05][རྩོམ་པ་པོ།  ཕྱྭ་སྲས་ཕོ་ཉ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170924110108.jpg

འཇིག་རྟེན་གྱི་མགོན་སྐྱབས་གཅིག་པུ་རྒྱལ་བ་སྨན་རི་བ

ཁྱེད་ནི་གནམ་འོག་ལ་དབང་བསྒྱུར་བའི་ཉི་མ་སེར་པོ

ཁྱེད་ཉིད་ནུབ་རི་ལ་ཡིབ་སོང

ང་ཚོ་དྭ་ཕྲུག་དུ་ལུས་ནས་ཁྱེད་ཀྱི་རྗེས་ཤུལ་ན་ལྷག་ཡོད

དྲྭ་ཚོམས་ན་ཁྱེད་ཉིད་གཤེགས་སོང་བའི་ངུ་ངག་གི་མིང་ཚིག་གིས་གང་ཞིང

ཡིད་སྐྱོ་བའི་སྐད་ངག་གིས་ཁྱབ་སོང


རྒྱལ་བ་སྨན་རི་བ

ཁྱེད་ཉིད་ཀྱིས་ཟག་ཕུང་དབྱིངས་སུ་བསྡུས་ནས་བདེ་ཆེན་གྱི་ཞིང་དུ་གཤེགས་མོད

ང་ཚོ་སྨྲེ་ངག་དང་སྡུག་གིས་མནར་བའི་གནས་སུ་སྐྱབས་མེད་ཀྱི་དྭ་ཕྲུག་དུ་གྱུར་སོང

ཁྱེད་ཀྱིས་ཨེ་ཚོར་རམ

སྲིད་པ་འཁོར་བའི་ཁྲོད་དུ་སྡུག་བསྔལ་ལས་མེད་མོད

དེ་ལས་ཁྱེད་སོང་བའི་ཤུལ་དུ་སྡུག་བསྔལ་དགུ་འགྱུར་གྱིས་ཆེ་སོང

ཁྱེད་སོང་བའི་ཤུལ་དུ་རིས་མེད་ཀྱི་གྲུབ་མཐའ་ཡོངས་ཀྱིས་

གདུང་བ་མཉམ་དུ་སྐྱེད་ནས

སེམས་ཀྱི་ཀློང་ནས་མྱ་ངན་གྱི་སྡུག་ངག་བཞུར་བཞིན་ཡོད


རྒྱལ་བ་སྨན་རི་བ

ཁྱེད་ཉིད་གཤེགས་ཤུལ་དུ་དྭ་ཕྲུག་ཁྱུ་ཚོགས་གཅིག་ཅི་ལའང་ངུ་བཞིན་མེད

ཁྱེད་སོང་བས་ང་ཚོས་སྨོན་ལམ་གྱི་ཚིག་འབྲུ་རེ་རེ་གྱེར་ནས་ལུས་སེམས་ཀྱིས་ཁྱེད་ལ་གསོལ་བ་ཞིག་འདེབས་ཏེ

ངུ་བའི་མིག་ཆུ་ཐག་ཐག་ལྷན་དུ་བསྲེས་ནས་བཞུར་ཡོངས


རྒྱལ་བ་སྨན་རི་བ

ཁྱེད་ནི་མེས་པོ་ཡི་རུས་པ་རྐང་དུ་འཛིན་ཞིང

ཡབ་མེས་བསྟན་པ་ནུབ་ལ་ཉེ་བའི་སྐབས

ཚེ་སྲོག་དམར་པོ་ལ་མ་འཛེམས་ཤིང

ངལ་བ་ཡིས་རྒྱུན་འཐུད་དུ་སྐྱོང་བའི་རླབས་ཆེན་གྱི་སྐྱེས་བུ

ཁྱེད་ཉིད་འགྲོ་བ་ཡོངས་ལ་བཀའ་དྲིན་ཅི་ལའང་མི་ཆེ


ཡབ་མེས་བསྟན་པའི་ཚེ་སྲོག་གིས་བསྐུན་ཞིང

གྱེར་བསྟན་མཁའ་རུ་བསྒྲེངས་བའི་སྨན་རི་བ

ཁྱེད་ཉིད་ཅི་འདྲའི་གློ་བུར་དུ་བཞུད་སོང

ཁྱེད་ཉིད་རེ་ཞིག་འགྲོ་དོན་རྫོགས་ལ་སོང་མོད

ངེད་ཅག་ད་དུང་འཁོར་བ་ན་ལྷག་ཡོད

ཁྱེད་ལ་འདྲེན་པའི་ནུས་སྟོབས་ཆེ་མོད

ངེད་ཅག་བསྐལ་བ་མ་ལྡན་ནམ

ང་ཚོ་མོད་པོ་ཞིག་སྡུག་གི་ཁམས་སུ་ལུས་བཞིན

ངུ་ངག་གི་སྐད་སྒྲ་མང་དུ་འདོན་ཞོར

ངུ་ཁ་ལེན་མཁས་ཀྱི་རྒན་པོ་ཡང་ཡི་མུག་མུག་གི་ལྷན་ངུ་ཆུ་ལྷུང་གིན་འདུག


རྒྱལ་བ་སྨན་རི་བ

ངས་ཆུང་དུས་ནས་ཁྱེད་ཅི་ཡིན་གསལ་བོ་མི་ཤེས་མོད

སྔོན་གྱི་བག་ཆགས་ཀྱིས་ཁྱེད་ལ་དད་པ་ཡོད

ད་དུང་གཡུང་དྲུང་བོན་གྱི་བླ་མ་ཁྱེད་ལས་ཆེ་བ་མེད་པ་མང་དུ་ཡང་སྨྲས་མྱོང

ཁྱེད་ཉིད་ཀྱི་སྐུ་དངོས་སུ་མཇལ་ན་མང་དུ་དྲན་ཞིང་རེ་ཡོད

འོན་ཀྱང་ཁྱེད་ཉིད་གློ་བུར་དུ་བཞུད་སོང

ང་ལ་སྡུག་འདོན་དང་སྐྱོ་བས་ལྕི་སོང

ན་ཟུག་གིས་ལུས་ཧྲི་བོ་ལ་མནན་སོང


རྒྱལ་བ་སྨན་རི་བ

ཁྱེད་མེད་ན་ང་ཚོས་ཡབ་མེས་ཀྱི་བླ་སྲོག་གི་བསྟན་པ་དེ་ཅི་ལྟར་འཛིན

ཁྱེད་ནི་བོན་གྱི་གཙུག་རྒྱན་ཡིན་པས

ཁྱེད་མེད་ན་བོན་གྱི་རྩ་བ་དེ་ཆད་འགྲོ

ཁྱེད་ནི་འགྲོ་དྲུག་འདྲེན་པའི་རྟ་བདུན་ཡིན་པས

ཁྱེད་མེད་ན་འགྲོ་བ་ཡོངས་འཁོར་བ་ན་འཁྱམས་པ་ལས་ཐར་པ་ཞིག་ཅི་ལའང་ཐོབ་ནུས།


༢༠༡༧/༩/༡༦ ལ་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སྐུ་བོན་དབྱིངས་སུ་བསྡུས་པའི་མྱ་ངན་གྱི་རྗེས་དྲན་དུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།